ཞི་ཅིན་ཕེན་གྱིས་ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ཐད་ནས་ཅིན་ཀྲིན་ཨིན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཏུང་ཞོ་ཡན།    ཞིན་ཧྭ་གསར་འགྱུར་དྲ་བ།    2015-10-12

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཚེས་དགུ་ཉིན་ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་ལ་གློག་འཕྲིན་བཏང་སྟེ་ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཁྲའོ་ཞན་ངལ་རྩོལ་ཏང་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་སྐབས་འདིར། ངས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་པར་མ་ཟད། ང་རང་ཉིད་ཀྱི་མིང་ཐོག་ནས་ཁྱེད་དང་ཁྱེད་བརྒྱུད་དེ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དང་ཏང་ཡོན་ཡོངས་དང་། ཁྲའོ་ཞན་མི་དམངས་ཡོངས་བཅས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ཟེར། 

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཁྲའོ་ཞན་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་ཀྲུའུ་ཞི་ཅིན་རི་ཁྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་རིའི་མགོ་ཁྲོད་འོག  ཁྲའོ་ཞན་ངལ་རྩོལ་ཏང་གིས་ཁྲའོ་ཞན་མི་དམངས་ཁྲིད་དེ། དཀའ་ཁག་མང་པོ་ཁྱད་དུ་བསལ་ནས། རྒྱལ་ཁབ་རང་བཙན་དང་མི་དམངས་ཀྱི་བཅིངས་འགྲོལ་མངོན་འགྱུར་བྱས་པར་མ་ཟད། ཁྲའོ་ཞན་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་ཁྲོད་མི་རྣམས་ཀྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་བླངས་ཡོད། ཉེ་བའི་ལོ་འགའི་རིང་ལ། ཧྲུའུ་ཅི་དང་པོ་བློ་མཐུན་ཅིན་ཀྲིན་ཨིན་གྱིས་ཀྲུའུ་ཞི་ཅིན་རི་ཁྲིན་དང་སྤྱི་ཁྱབ་ཧྲུའུ་ཅི་ཅིན་ཀྲིན་རིའི་ཕུགས་རེ་རྒྱུན་འཛིན་བྱས་ནས། ཁྲའོ་ཞན་ངལ་རྩོལ་ཏང་དང་ཁྲའོ་ཞན་མི་དམངས་ལ་མགོ་ཁྲིད་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་པ་སོགས་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད། ངས་ཁྲའོ་ཞན་མི་དམངས་ཀྱིས་ཧྲུའུ་ཅི་དང་པོ་ཅིན་ཀྲིན་ཨིན་གཙོ་ཡིན་པའི་ཁྲའོ་ཞན་ངལ་རྩོལ་ཏང་གི་མགོ་ཁྲིད་འོག  ཁྲའོ་ཞན་ཚུལ་གྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལས་དོན་ཁྲོད་རྒྱུན་ཆད་མེད་པར་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་སྨོན་འདུན་ཞུས་པ་ཡིན་ཟེར། 
 

ཞི་ཅིན་ཕེན་གྱིས་ནན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བཤེས་ལ་གཟི་བརྗིད་ཀྱི་གོམས་སྲོལ་ལྡན། ང་ཚོས་ཁྲའོ་ཞན་གྱི་བློ་མཐུན་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བཤེས་ལ་སྲུང་སྐྱོབ་བཟང་བོ་དང་སྲ་བརྟན་བཟང་བོ་དང་འཕེལ་རྒྱས་བཟང་བོ་བཅས་བྱས་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕེན་གྱིས་མཇུག་མཐར་ཁྲའོ་ཞན་ངལ་རྩོལ་ཏང་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་འབྱུང་བ་དང་། ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་འགྲོ་བ། ཀྲུང་གོ་དང་ཁྲའོ་ཞན་གཉིས་བར་གྱི་མཛའ་བཤེས་མི་རབས་ནས་མི་རབས་བར་དུ་དར་བར་སྙིང་ཐག་པ་ནས་སྨོན་འདུན་ཞུས་པ་ཡིན་ཟེར། 

  • ལེ་ཚན་སྔོན་མ།:ཡུས་ཀྲིན་ཧྲིན་གྱིས་ཨན་ཐི་ཀྭ་དང་པ་པུ་ཏའི་ཙུང་ཏུའུ་ཝེ་ལན་སི་འཁོར་དང་བཅས་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ལིག་ཡན་ཏུང་གནའ་བོའི་ཕོ་བྲང་རྟེན་མཛོད་གླིང་བཙུགས་ནས་ལོ་འཁོར་དགུ་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་ཁྲོད་ཞུགས།
  • དོ་སྣང་ཆེ་བའི་རྩོམ།