ཞི་ཅིན་ཕིང་གིས་ནོར་ཝེའི་རྒྱལ་པོ་ཧ་ལར་སྐུ་ཕྲེང་ལྔ་པ་དང་གྲོས་མོལ་མཛད།

    ཞིན་ཧྭ་གསར་འགྱུར་དྲ་བ།    2018-10-18

ཞི་ཅིན་ཕིང་གིས་ནོར་ཝེའི་རྒྱལ་པོ་ཧ་ལར་སྐུ་ཕྲེང་ལྔ་པ་དང་གྲོས་མོལ་མཛད།

ཟླ10པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནོར་ཝེའི་རྒྱལ་པོ་ཧ་ལར་སྐུ་ཕྲེང་ལྔ་པ་དང་གྲོས་མོལ་མཛད། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་ཧ་ལར་སྐུ་ཕྲེང་ལྔ་པ་དང་བཙུན་མོ་སུང་ཡ་གཉིས་དང་མཉམ་དུ་བསྐྱོན་པའི་པར་རེད།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནོར་ཝེའི་རྒྱལ་པོ་ཧ་ལར་སྐུ་ཕྲེང་ལྔ་པ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་དུས་རབས་གསར་པའི་ཀྲུང་གོ་དང་ནོར་ཝེའི་འབྲེལ་བའི་གོང་འཕེལ་ལ་སྒུལ་ཤུགས་གསར་པ་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བརྩེའི་ལོ་རྒྱུས་གསར་པ་འབྲི་བར་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་ལ་ཧར་སྐུ་ཕྲེང་ལྔ་པ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ་དང་། ལ་ཧར་སྐུ་ཕྲེང་ལྔ་པ་དང་ནོར་ཝེའི་གོང་མ་ཚང་གིས་དུས་ཡུན་རིང་པོར་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བར་བྱས་རྗེས་གལ་ཆེན་བཞག་པར་གཟེངས་བསྟོད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་ཉིས་སྟོང་བཅུ་དྲུག་ལོར་རྒྱུན་ལྡན་དུ་གྱུར་པའི་ཚུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་རྒྱུན་སྲིང་དང་བདེ་ཐང་། གཏན་འཇགས་ངང་གོང་འཕེལ་དུ་གཏོང་བ་ནི། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ལ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་དང་ཡང་མཐུན། སང་ལོ་ནི་ཀྲུང་གོ་དང་ནོར་ཝེའི་བར་དུ་འབྲེལ་བ་བཙུགས་ནས་ལོ་འཁོར་རེ་ལྔ་ལོན་པའི་ལོ་ཡིན་པས། ཀྲུང་གོས་ནོར་ཝེ་དང་མཉམ་དུ་དེ་གོ་སྐབས་སུ་བརྩིས་ནས། མཉམ་དུ་ཀྲུང་གོ་དང་ནོར་ཝེའི་འབྲེལ་བའི་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཐད་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དང་ཇེ་ཆེར་གཏོང་བ་དང་། ཕན་ཚུན་བརྩི་བཀུར་བྱེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་འགྲོ་འོང་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཕ་རོལ་བའི་སྲོག་ཤིང་ཁེ་ཕན་དང་དོ་སྣང་གལ་ཆེན་ལ་བརྩི་བཀུར་གལ་ལེགས་བྱེད་པ་མ་ཟད་དངོས་སུ་ལྟ་སྐྱོང་བྱས་ཏེ། ཀྲུང་གོ་དང་ནོར་ཝེའི་འབྲེལ་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་བསྟུད་མར་ཇེ་ཟབ་དང་རྒྱ་བསྐྱེད་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྱོར་འཚོང་མཉམ་ལས་ལ་ཕྱོགས་ཡོངས་ནས་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། མི་ཆོས་བརྗེ་རེས་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་ལས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་དུ་གཏོང་དགོས་ཟེར།

གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ད་དུང་འབྲེལ་ཡོད་མཉམ་ལས་ཡིག་ཆ་བཀོད་པར་བདེན་དཔང་བྱས།

གྲོས་མོལ་གྱི་སྔོན་ལ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་ནས་ལ་ཧར་སྐུ་ཕྲེང་ལྔ་པར་དགའ་བསུའི་མཛད་སྒོ་བསྡུས། ཕིན་ལིས་ཡོན་དང་དབྱང་ཅེ་ཁྲི། ཅི་པེན་ཞོན། ཀུའུ་ཧྲིན་ཙུའུ་སོགས་མཛད་སྒོར་ཞུགས།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་དང་ཧོ་ལན་གྱི་དབུ་བཞུགས་བློན་ཆེན་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་དབྱིན་ཇིའི་སྡེ་ཚོགས་ཞེ་བརྒྱད་ཀྱི་རོལ་རྩེད་ཁང་གི་ཀྲུའུ་ཞི་ཕེ་ལེ་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།