དབྱི་སི་རལ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་ལ་བརྟེན་ནས་ཕོ་ལན་གྱི་བཅའ་ཁྲིམས་འཆར་ཟིན་གསར་བ་ཐག་གཅོད་བྱེད་པར་འཐད་པ་བྱུང་།

    ཞིན་ཧྭ་གསར་འགྱུར་དྲ་བ།    2018-01-31

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་ནམ་གུང་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དང་ཕོ་ལན་གྱི་མགོ་ཁྲིད་པས་ཕོ་ལན་གྱི་བཅའ་ཁྲིམས་འཆར་ཟིན་གསར་བའི་ཐད་ནས་ཕྱོགས་གཉིས་ཀྱིས་མྱུར་མོར་གྲོས་མོལ་བྱེད་པར་འཐད་པ་བྱུང་བ་ཁྱབ་སྒྲོག་བྱས། 
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེའི་དགོང་མོར་ཕོ་ལན་གྱི་ཙུང་ལི་མའོ་ལཱ་ཝེ་ཚི་ཅི་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་སོ་སོར་ཚན་ཆུང་རེ་བཙུགས་ཤིང་གྲོས་མོལ་གྱི་ཐབས་ལ་བརྟེན་ནས་ཕོ་ལན་གྱི་བཅའ་ཁྲིམས་འཆར་ཟིན་གསར་བའི་ཐད་ནས་ཕན་ཚུན་བཟོད་སྒོམ་བྱེད་པར་བརྩོན་ལེན་བྱེད་པར་འཐད་པ་བྱུང་།

ཕོ་ལན་གྲོས་ཁང་དམངས་གྲོས་ཁང་གིས་ཚེས་ཉེར་དྲུག་ཉིན་བཅའ་ཁྲིམས་འཆར་ཟིན་བཀོད་དེ། ཕོ་ལན་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཐད་ཀར་རམ་བརྒྱུད་པའི་སྒོ་ནས་ཡིའུ་ཐེ་བའི་དམར་གསོད་ནང་ཞུགས་པ་སོགས་ཀྱི་གནས་ཚུལ་བསྒྲགས་མི་རུང་བ་དང་། ཁྲིམས་དེ་དང་འགལ་ན་ཆེས་མང་ན་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ་ཡིན་ཟེར། བཅའ་ཁྲིམས་འཆར་ཟིན་དེའི་ཐད་ནས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དོན་དེར་གཞི་འཛིན་ས་ཅི་ཡང་མེད་པ་དང་། མི་སུ་ཡིན་ཡང་ལོ་རྒྱུས་བསྒྱུར་བ་དང་དམར་གསོད་ཆེན་མོ་ཁས་ལེན་མི་བྱེད་པ་མི་རུང་ཟེར།

དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། བཅའ་ཁྲིམས་གང་ཡིན་ཡང་ལོ་རྒྱུས་དོན་དངོས་བསྒྱུར་ཐབས་མེད་པ་པ་དང་། ཕོ་ལན་སྲིད་གཞུང་གིས་བཅའ་ཁྲིམས་འཆར་ཟིན་དེར་བཟོ་བཅོས་བྱེད་དགོས་པའི་སྐུལ་མ་བཏང་།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་རྒྱུན་ལྡན་གྱི་ནེ་ཀིའི་གྲོས་ཚོགས་སྟེང་བསྐྱར་སྒྲོག་བྱས་དོན། ང་ཚོས་ལོ་རྒྱུས་བསྒྱུར་བའི་གཡོ་ཇུས་གང་རུང་དང་ལེན་བྱེད་མི་སྲིད་པ་དང་། ལོ་རྒྱུས་ཀྱི་དོན་དངོས་ཞིབ་འཇུག་གི་ཚད་བཀག་གང་རུང་དང་ལེན་བྱེད་མི་སྲིད། དབྱི་སི་རལ་གྱི་མི་རེ་འགས་ཚོད་དཔག་བྱས་ན། དབྱི་སི་རལ་ཕྱོགས་དང་ཕོ་ལན་གྱི་ཙུང་ལི་དངོས་སུ་ཞུགས་པ་དང་། ཁ་པར་རམ་ཡང་ན་བྱེ་བྲག་གི་གྲོས་མོལ་བྱས་ན་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ཉམས་ཉེན་སྔར་ལས་ཛ་དྲག་ཏུ་འགྲོ་བར་སྔོན་འགོག་བྱེད་ཐུབ་པར་འདོད།


  • ལེ་ཚན་སྔོན་མ།:རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དང་མི་རིགས་ལས་དོན་བཅོས་སྐྱོང་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་བསྡུས།
  • ལེ་ཚན་རྗེས་མ།:ཨར་ཅི་རི་ཡཱ་ཡིས་ཧྥ་རན་སི་ལ་ཉིང་རྡུལ་ཚོད་ལྟའི་སྐྱིན་ཚབ་ཀྱི་ཇུས་གཞི་གསར་བ་འདོན་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།