ཨར་ཅི་རི་ཡཱ་ཡིས་ཧྥ་རན་སི་ལ་ཉིང་རྡུལ་ཚོད་ལྟའི་སྐྱིན་ཚབ་ཀྱི་ཇུས་གཞི་གསར་བ་འདོན་རྒྱུ་རེད།

    ཞིན་ཧྭ་གསར་འགྱུར་དྲ་བ།    2018-01-31

ཨར་ཅི་རི་ཡཱའི་སྲིད་གཞུང་གིས་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཧྥ་རན་སི་ལ་དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་བར་ཧྥ་རན་སི་ཡིས་ཨར་ཅི་རི་ཡཱ་ནས་ཉིང་རྡུལ་ཚོད་ལྟ་བྱས་པའི་སྐྱིན་ཚབ་ཀྱི་ཇུས་གཞི་གསར་བ་སྤྲོད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཨར་ཅི་རི་ཡཱའི་དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་པུའུ་ཀྲང་ཆི་ཐུའུ་ནེ་ཡིས་ཉིན་དེར་བསྟན་དོན། ཨར་ཅི་རི་ཡཱ་ཡིས་མི་འགྱངས་པར་ཧྥ་རན་སི་དང་གྲོས་མོལ་རྒྱུ་ཡིན་པ་དང་། ཧྥ་རན་སི་ཡིས་ཨར་ཅི་རི་ཡཱ་ནས་ཉིང་རྡུལ་ཚོད་ལྟ་བྱས་རྗེས་ཀྱི་རྗེས་མཐུད་གནད་དོན་ཐག་གཅོད་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་ལ་སྐྱིན་ཚབ་ཀྱི་ཇུས་གཞི་གསར་བ་འདོན་རྒྱུ་ཡིན་ཟེར།

ཁོས་བསྟན་དོན། སྐྱིན་ཚབ་སྟེར་ཡུལ་གཙོ་བོར་ཉིང་རྡུལ་ཚོད་ལྟའི་གནོད་ཐེབས་མཁན་དང་ཉིང་རྡུལ་ཚོད་ལྟ་ལས་སྦགས་བཙོག་ཐེབས་པའི་ས་ཞིང་གི་བདག་པོ་སོགས་འདུས། ཨར་ཅི་རི་ཡཱ་ཕྱོགས་ཀྱིས་དེའི་སྔོན་ཧྥ་རན་སི་ལ་འབྲེལ་ཡོད་རྒྱུ་ཆ་སྤྲད་ཡོད་ལ། མིག་སྔར་ཧྥ་རན་སིའི་ལན་ལ་སྒུག་ཡོད་པ་རེད། ཁོས་བསྟན་དོན། ཧྥ་རན་སི་ལ་ཉིང་རྡུལ་ཚོད་ལྟའི་གནོད་ཐེབས་མཁན་ལ་སྐྱིན་ཚབ་སྤྲོད་པའི་བཅའ་ཁྲིམས་ཡོད་ཀྱང་། བཅའ་ཁྲིམས་དེ་དག་ཏུ་ཨར་ཅི་རི་ཡཱའི་གནོད་ཐེབས་མཁན་འདུས་མེད།

ཨར་ཅི་རི་ཡཱའི་བདེ་ཐང་དང་ཞིབ་འཇུག་ལ་ཡར་སྐུལ་གཏོང་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པས་བསྟན་དོན། ཧྥ་རན་སི་ཡིས་ཨར་ཅི་རི་ཡཱ་ནས་ཉིང་རྡུལ་ཚོད་ལྟ་བྱས་པ་ལས་གཏོར་བརླག་རང་བཞིན་གྱི་ཤུགས་རྐྱེན་ལོ་བཅུ་ཕྲག་འགའི་རིང་རྒྱུན་བསྲིངས་པ་དང་། ཉིང་རྡུལ་ཚོད་ལྟའི་ཁྲོད་བེད་སྤྱོད་བྱས་པའི་རྫས་འགྱུར་དང་འཕྲོ་འགྱེད་རང་བཞིན་གྱི་རྒྱུ་ཡིས་ཨར་ཅི་རི་ཡཱའི་མི་མང་བོར་གནོད་པ་ཐེབས་ཡོད་ཟེར།

ཨར་ཅི་རི་ཡཱ་ཡིས་དུས་ཡུན་རིང་བོར་ཧྥ་རན་སིའི་མི་སེར་སྤེལ་བའི་དབང་བསྒྱུར་མྱོང་བཞིན་ཡོད། ཉིང་རྡུལ་ཚོད་ལྟའི་སྐྱིན་ཚབ་དང་བཅས་པའི་གནད་དོན་རབ་དང་རིམ་པ་ད་རུང་ཐག་གཅོད་བྱས་མེད་པས། མིག་སྔར་ཨར་ཅི་རི་ཡཱ་དང་ཧྥ་རན་སིའི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་མེད།


  • ལེ་ཚན་སྔོན་མ།:དབྱི་སི་རལ་དང་ཕོ་ལན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་ལ་བརྟེན་ནས་ཕོ་ལན་གྱི་བཅའ་ཁྲིམས་འཆར་ཟིན་གསར་བ་ཐག་གཅོད་བྱེད་པར་འཐད་པ་བྱུང་།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མེས་དང་ཀྲུང་གོ་དང་དབྱིན་ཇི་གཉིས་ཀྱི་ཙུང་ལི་བར་གྱི་ལོ་འཁོར་ཐུག་འཕྲད་སྤེལ།
  • དོ་སྣང་ཆེ་བའི་རྩོམ།