ཡེ་མིན་གྱི་དམག་དོན་གསང་འཕྲིན་དཔོན་པོར་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-09-27

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གི་གསང་འཕྲིན་དཔོན་པོ་ཞིག་ལ་ཚེས25ཉིན་ལྷོ་ཕྱོགས་ཀྱི་ཧྲི་པུའུ་བོ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ཐཱ་ཀི་གྲོང་ཁྱེར་ནས་འཇབ་རྒོལ་ཐེབས་པ་དང་། དེ་ནི་བསྟུད་མར་ཉིན་འགའི་རིང་བྱུང་བའི་སྲིད་གཞུང་གི་དམག་དཔོན་ལ་དམིགས་པའི་ལྐོག་གསོད་དོན་རྐྱེན་ཐེངས་གསུམ་པ་རེད།

ཡེ་མིན་འཕྲིན་གཏོང་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྐམ་དམག་གི་དམག་དཔོན་སེ་དབྱེ་ཏིས་ལ་ཉིན་དེར་ཨ་ཐཱ་ཀི་གྲོང་ཁྱེར་གྱི་སྔོ་ཚལ་ཚོང་རའི་ཉེ་འདབས་སུ་འཇབ་རྒོལ་ཐེབས། ཁོའི་རླངས་འཁོར་སྟེང་མི་གཞན་གྱིས་འགད་རྫས་སྦས་པ་དང་རྒྱང་འཛིན་བཀོལ་ནས་འགས་གཏོར་བཏང་བ་རེད་ཟེར། གཞན་ཡང་ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། སེ་དབྱེ་ཏིས་ལ་རང་སྲོག་གཅོད་པའི་འཇབ་རྒོལ་ཐེབས་པ་དང་། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་རླངས་འཁོར་འགས་གཏོར་བཏང་སྟེ་སེ་དབྱེ་ཏིས་བསད་པར་མ་ཟད། ལམ་འགྲོ་བ་ཞིག་ལ་རྨས་སྐྱོན་ལྗིད་མོ་ཕོག་ཟེར།

དེ་ནི་ཡེ་མིན་ནས་ཉིན་གསུམ་གྱི་རིང་བྱུང་བའི་དམག་དཔོན་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐེངས་གསུམ་པ་རེད། ཚེས་ཉེར་བཞིའི་ཉིན་མཁའ་དམག་གི་དམག་དཔོན་ཞིག་ལ་རྒྱལ་ས་སཱ་ནཱ་ནས་མེ་མདའི་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར། ཚེས་ཉེར་གསུམ་ཉིན་བདེ་འཇགས་དམག་དཔུང་གི་དམག་དཔོན་ཞིག་ལ་སཱ་ནཱ་ནས་མེ་མདའ་ཕོག་སྟེ་རྐྱེན་ལམ་དུ་ཤོར། ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འདས་པའི་ལོ་གཉིས་ཀྱི་ནང་། དམག་དཔོན་དང་བདེ་འཇགས་དཔོན་པོ་བཅུ་ཕྲག་འགའ་ལ་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ་དང་། འཇབ་རྒོལ་བྱེད་ཐབས་གཙོ་བོ་ནི་ལྐོག་ནས་མེ་མདས་བརྒྱག་པ་དང་རླངས་འཁོར་སྟེང་འགད་རྫས་སྦས་པ་སོགས་ཡོད།

ཡེ་མིན་བདེ་འཇགས་དམག་དཔུང་གིས་རྟེན་གཞི་རྩ་འཛུགས་ཀྱི་ཨ་རབ་ཕྱེད་གླིང་ཡན་ལག་རུ་ཁག་གིས་འཇབ་རྒོལ་དོན་རྐྱེན་དེ་ཇུས་འགོད་བྱས་པར་དོགས་པ་ཟ་བཞིན་ཡོད། །

  • ལེ་ཚན་སྔོན་མ།:དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་དང་ཚིགས་བཅད་རྣམས་ཉི་ཧོང་སྐད་དུ་བསྒྱུར་ནས་པར་སྐྲུན་བྱས་པ།
  • ལེ་ཚན་རྗེས་མ།:ཕཱ་ཁི་སི་ཐན་གྱི་ས་འགུལ་ལས་མི་སུམ་བརྒྱ་དང་ཉེར་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་ཁང་བ་ཕལ་ཆེར་བརྡིབས།
  • དོ་སྣང་ཆེ་བའི་རྩོམ།