མཚོ་སྔོན་བོད་སྐད་རླུང་འཕྲིན། 2012-11-30
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཉིག་ལན་གྱིས་ཚེས28ཉིན་བཤད་རྒྱུར། ཨ་མེ་རི་ཁའི་རྣམ་འགྱུར་ཧ་ཅང་གསལ་བོ་ཡིན་ཏེ། ཕ་ལེ་སི་ཐན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་པའི་རྒྱལ་ཁབ་ཏུ་འགྱུར་མེད་ངོ་རྒོལ་བྱེད་རྒྱུ་ཡིན་པ་དང་། དེ་ནི་ནོར་འཁྲུལ་ཅིག་ཡིན་པར་འདོད་ཡོད་ཟེར།
ཕ་ལེ་སི་ཐན་གྱི་ཐེངས་འདིའི་རེ་བ་ལ་ཚོད་དཔག་བྱས་ན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཁོངས་ཞུགས་རྒྱལ་ཁབ་བརྒྱ་དང་གོ་གསུམ་ཁྲོད་ཀྱི་མང་ཆེ་ཤོས་ཀྱི་རྒྱབ་སྐྱོར་ཐོབ་ངེས་ཡིན་ལ། དེའི་ནང་དུ་ཨ་མེ་རི་ཁར་འབྲེལ་བ་ཟབ་པའི་ཧྥ་རན་སི་ཡང་ཡོད། ཨ་མེ་རི་ཁའི་མནའ་གྲོགས་གཞན་པ་སྟེ་དབྱིན་ཇིས་ཕ་ལེ་སི་ཐན་གྱིས་དབྱི་སི་རལ་གྲོས་མོལ་བྱེད་རྒྱུ་ཁས་མ་བླངས་ན། དབྱིན་ཇིས་དེར་རྒྱབ་སྐྱོར་གྱི་འདེམ་ཤོག་མི་འཕེན་ཞེས་བཤད།
ཕ་ལེ་སི་ཐན་གྱིས་རེ་ཞུ་ཡི་གེ་དེ་སྤྲོད་པར་བཀག་འགོག་བྱེད་ཆེད། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་ལག་རོགས་པོ་ཨིན་སི་དང་དབུས་ཤར་ས་ཁུལ་གྱི་དམིགས་བསལ་ཕོ་ཉ་ཧེ་ཨར་གྱིས་ཚེས28ཉིན་ཕ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པ་སི་ལ་ཐུག་འཕྲད་བྱས་ཏེ། མཇུག་མཐའི་གྲོས་མོལ་བྱས།
ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཞི་ལ་ལིས་ཀྱིས་ཚེས28ཉིན་བཤད་རྒྱུར། ཕ་ལེ་སི་ཐན་ལ་ཡོད་པའི་ལམ་གཅིག་པུ་ནི་དབྱི་སི་རལ་ལ་ཐད་ཀར་དུ་གྲོས་མོལ་བྱེད་རྒྱུ་དེ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་གོ་གནས་ཇེ་མཐོར་གཏོང་བའི་རེ་བ་ཞུ་རྒྱུ་དེ་མིན་ཏེ། ཨ་མེ་རི་ཁའི་ལངས་ཕྱོགས་འདི་ལ་འགྱུར་བ་མེད་ཟེར། ཞི་ལ་ལིས་ཀྱིས་བཤད་རྒྱུར། ཚེས་ཉེར་དགུ་ཉིན་གྱི་རེ་ཞུ་མཇུག་འབྲས་ཅི་ལྟ་བུ་ཡིན་རུང་། དེ་ཡིད་ཚིམས་པའི་མཇུག་འབྲས་ཤིག་ཡིན་མི་སྲིད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10