ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་པའི་ཐད་ནས་བྲེལ་མྱུར་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་བསྡུ་རྒྱུ་ཡིན་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-11-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་ཏུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་གཞུང་ཚབ་པ་ཧྥ་ལཱ་ཡིས་ཚེས14ཉིན་གྱི་དགོང་མོར་གསར་འགོད་པར་བཤད་རྒྱུར། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་བྲེལ་མྱུར་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་བསྡུས་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཧྥ་ལཱ་ཡིས་ཉིན་དེའི་སྔ་དྲོར་ཨེ་ཅིབ་དཔོན་ཕྱོགས་ཀྱི་ཀྲུང་ཏུང་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཕཱ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པཱ་སི་ཡིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་སུ་གནོད་སྐྱེལ་བའི་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཨེ་ཅིབ་ཀྱི་ཙུང་ཐུང་མུའུ་ཨར་ཞི་ཡིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་ལ་ཁ་པར་བཏང་སྟེ། ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་བྱེ་བྲག་གི་ཐག་གཅོད་བྱེད་ཐབས་ལ་གྲོས་བསྡུར་བྱེད་དགོས་པའི་རེ་བ་བཏོན། མུའུ་ཨར་ཞི་ཡིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨེ་ཅིབ་ཀྱི་འཐུས་མིས་གྲོས་གཞི་བཏོན་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཐད་ནས་བྲེལ་མྱུར་གྲོས་ཚོགས་བསྡུ་བའི་རེ་བ་འདོན་དགོས་པའི་བཀའ་རྒྱ་བཏང་།

དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཚེས14ཉིན་ཅཱ་ཧྲ་ས་ཁུལ་གྱི་དམིགས་འབེན་མང་བོར་འགས་གཏོར་བཏང་སྟེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་མཐོ་རིམ་དཔོན་པོ་ཅཱ་པཱ་ལི་དང་བཅས་པའི་མི6རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་ལ་རྨས་ཕོག  ། 

  • ལེ་ཚན་སྔོན་མ།:ཕེ་རུ་རྒྱལ་ཁབ་ཏུ་རླངས་འཁོར་གསུམ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།
  • ལེ་ཚན་རྗེས་མ།:སི་རི་ཡཱའི་རྒྱལ་ཡོངས་གྲོས་མོལ་གྲོས་ཚོགས་དེ་གཟའ་འཁོར་རྗེས་མར་དབྱི་ལིང་དུ་སྤེལ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།