རླུང་གློག་དང་ཉི་ནུས་གློག་འདོན་སོགས་ནུས་རྒྱུ་གཙང་མ་འཕེལ་རྒྱས་ཧུར་ཐག་བཏང་ནས་ཆུ་གློག་གོ་རིམ་ལྡན་པའི་ངང་གསར་སྤེལ་འཛུགས་སྐྲུན་བྱས་ཐོག་སྐྱེ་དངོས་ཀྱི་ནུས་པ་ཡུལ་བབ་དང་མཐུན་པའི་ངང་འཕེལ་རྒྱས་གཏོང་དགོས་ལུགས་བསྟན་ཡོད།
འབྲོག་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད《བསམ་འཆར》ནང་འབྲོག་ཁུལ་དུ་འཕེལ་རྒྱས་གཏོང་བར་ཆ་རྐྱེན་ཡོད་པའི་ནུས་རྒྱུ་གཙང་མ་དང་སྣོད་བཅུད་ཁོར་ཡུག་གཏོར་བཤིག་མི་ཐེབས་པའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་རྣམ་གྲངས་དེ་སྔོན་ལ་འཛུགས་སྐྱོང་བྱེད་པ་དང་འབྲེལ་ཞིབ་མཆན་སྤྲོད་དགོས། ད་ཡོད་ཀྱི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ཆེད་དོན་མ་དངུལ་དང་། ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་གི་ལག་རྩལ་གསར་གཏོད་ཐེབས་རྩ། ཁེ་ལས་ལག་རྩལ་སྒྱུར་བཅོས་ཀྱི་སྐྱེད་གསབ་མ་དངུལ་དང་ཐོན་སྐྱེད་ཁ་གསབ་མ་དངུལ་སོགས་འབྲོག་ཁུལ་གྱི་ཆ་རྐྱེན་དང་འཚམ་པའི་རྣམ་གྲངས་ལ་འོས་འཚམ་ངང་གཟིགས་སྐྱོང་བྱེད་དགོས། ནུབ་རྒྱུད་ས་ཁུལ་དུ་བཙུགས་པའི་སྐུལ་གཏོང་རིགས་ཀྱི་ཐོན་ལས་དང་འབྲོག་ཁུལ་གྱི་ཁེ་ལས་ལ་ཁྲལ་གཅོག་བྱེད་ཐབས་ལག་བསྟར་བྱས་ཏེ་བརྒྱ་ཆ15ཡི་ཁྲལ་ཚད་གཞིར་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་བསྡུ་དགོས་ལུགས་བསྟན་པ་རེད།