ཞི་ཅིན་ཕིང་ནས་གྲོས་ཚོགས་གལ་ཆེན་འདི་གཙོ་སྐྱོང་གནང་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-06-01

 ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་ཡག་པོ་གཅོག་པའི་སྲིད་ཇུས་བྱ་ཐབས་གལ་ཆེན་གྱི་སྙན་སེང་གསན་གནང་ཡོད།

    སྤྱི་ཟླ་5པའི་ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་སྐོང་འཚོགས་བྱས་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་ཡག་པོ་གཅོག་རྒྱུའི་སྲིད་ཇུས་བྱ་ཐབས་གལ་ཆེན་གྱི་སྙན་སེང་གསན་གནང་ཡོད།  བུ་བཙའི་སྲིད་ཇུས་ལེགས་བཅོས་བྱས་ནས་མི་འབོར་ཡུན་རིང་དོ་སྙོམ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་གཏན་འབེབས་ཞེས་པར་གྲོས་ཞིབ་གནང་ཡོད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

     གྲོས་ཚོགས་ཐོག  མི་འབོར་རྒན་རྒོན་ཅན་དུ་འགྱུར་རྒྱུར་ཁ་གཏད་ཡག་པོ་གཅོག་རྒྱུ་དེ་ནི་རྒྱལ་ཁབ་གོང་འཕེལ་དང་དམངས་འཚོ་བདེ་སྐྱིད་དང་འབྲེལ་བ་ཡོད་ལ།  དཔལ་འབྱོར་སྤུས་མཐོའི་གོང་འཕེལ་མངོན་འགྱུར་ཡོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ས་གནས་ཁག་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་ཡག་པོ་གཅོག་རྒྱུའི་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་དང་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་ཇེ་མགྱོགས་སུ་བཏང་ཡོད་པས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བསྟན་ཡོད།

    གྲོས་ཚོགས་ཐོག  མི་འབོར་རྒན་རྒོན་ཅན་དུ་འགྱུར་རྒྱུར་ཁ་གཏད་ཡག་པོ་གཅོག་རྒྱུའི་རྒྱལ་ཁབ་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གང་མགྱོགས་འབྲེལ་ཡོད་སྲིད་ཇུས་མ་ལག་དང་ལམ་ལུགས་སྒྲོམ་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རིམ་པ་བཞིན་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོ་བྱེད་པའི་ལོ་ཚད་ནར་འགྱང་བྱ་རྒྱུ་བརྟན་པོའི་ངང་ལག་བསྟར་བྱེད་པ་དང་། ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ། བང་རིམ་མང་བའི་རྒན་གསོའི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡུན་རིང་ལྟ་སྐྱོང་འགན་བཅོལ་གྱི་ལམ་ལུགས་སྒྲོམ་གཞི་འཚོལ་ཞིབ་བྱེད་པ་དང་འཛུགས་པ། ཁྱིམ་སྡོད་སྡེ་ཁུལ་ལས་ཁུངས་ཕན་ཚུན་མཐུན་སྦྱོར་དང་སྨན་བཅོས་དང་བདེ་སྲུང་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་དང་བདེ་ཐང་འདེགས་སྐྱོར་མ་ལག་བཅས་གང་མགྱོགས་འཛུགས་པ། རྒན་རྒོན་ཐོན་ལས་གོང་འཕེལ་གཏོང་བ་དང་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གི་རྒན་རྒོན་དང་འཚམས་པའི་ལས་ཀ་བརྗེ་སྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རྒན་རྒོན་ལ་བསྲི་ཞུ་བསྒྲུབ་པ་དང་བརྩི་བཀུར་བྱེད་པའི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རྒན་རྒོན་ལས་དོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ནོར་སྲིད་ཀྱི་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རྒན་རྒོན་བྱ་གཞག་གོང་འཕེལ་ཐད་ནོར་སྲིད་མ་འཇོག་སྲིད་ཇུས་དང་ཐབས་ལམ་མང་བའི་མ་དངུལ་བསྡུ་རུབ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་ཡག་པོ་གཅོག་ཆེད་དགོས་ངེས་ཀྱི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད།

    གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རང་རྒྱལ་གྱི་མི་འབོར་གོང་འཕེལ་དང་། འགྱུར་ལྡོག་གི་གནས་བབ་ལ་གཞིགས་ནས་སྔ་རྗེས་སུ་བཟའ་ཚོ་གཉིས་ལས་མི་གཅིག་ཁྱིམ་ཚང་ནང་གི་ཕྲུ་གུ་གཅིག་རང་ཡིན་ན་ཕྲུ་གུ་གཉིས་སྐྱེ་ཆོག་པ་དང་། ཁྱོན་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་སོགས་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་བྱས་པར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། དེ་དང་དུས་མཚུངས་རང་རྒྱལ་གྱི་མི་འབོར་བསྡོམས་འབོར་མང་བ་དང་། ཉེ་ལམ་ལོ་ཤས་རིང་མི་འབོར་རྒན་རྒོན་ཅན་ལ་འགྱུར་ཚད་ཟབ་ཏུ་ཕྱིན་ཡོད། བུ་བཙའི་སྲིད་ཇུས་སྔར་བས་ལེགས་འགྱུར་བྱེད་པ་དང་། བཟའ་ཚོ་གཅིག་ལ་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་། ཆ་སྦྱོར་རྒྱབ་སྐྱོར་བྱ་ཐབས་ལག་བསྟར་བྱས་པ་དེ་རང་རྒྱལ་གྱི་མི་འབོར་གྲུབ་ཆ་ལེགས་སུ་གཏོང་བ་དང་། མི་འབོར་རྒན་རྒོན་ཅན་ལ་འགྱུར་རྒྱུར་ཁ་གཏད་ཧུར་ཐག་གཅོད་པའི་རྒྱལ་ཁབ་ཀྱི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱས་པ། རང་རྒྱལ་གྱི་མི་འབོར་ཐོན་ཁུངས་ཀྱི་ཁྱད་ཆོས་བཟང་ཆ་རྒྱུན་འཁྱོངས་ཐུབ་རྒྱུར་ཕན་ཐོགས་ཡོད་ཅེས་བསྟན་ཡོད་པ་རེད།

      གྲོས་ཚོགས་ཐོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་སྲིད་ཇུས་མཐུན་སྦྱོར། ལས་དོན་དོན་འཁྱོལ་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཁྲིམས་ལྟར་ཕྲུ་གུ་གསུམ་སྐྱེ་བའི་སྲིད་ཇུས་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། བུ་བཙའི་སྲིད་ཇུས་དང་འབྲེལ་ཡོད་དཔལ་འབྱོར་སྤྱི་ཚོགས་ཀྱི་སྲིད་ཇུས་ཆ་སྦྱོར་འབྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་བ། གལ་ཆེའི་དཔལ་འབྱོར་སྤྱི་ཚོགས་སྲིད་ཇུས་ཀྱི་མི་འབོར་ལ་ཤུགས་རྐྱེན་བཟོ་བའི་དཔྱད་དཔོག་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། གཉེན་སྒྲིག་དང་། བུ་བཙའ། གསོ་སྐྱོང་། སློབ་གསོ་བཅས་གཞི་གཅིག་ལ་བསམ་བློ་བཏང་སྟེ། གཉེན་སྒྲིག་འཚམ་མཐུན་བྱུང་བའི་གཞོན་ནུའི་གཉེན་སྒྲིག་ལྟ་བ་དང་ཁྱིམ་ཚང་ལྟ་བའི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། གཉེན་སྒྲིག་གོམས་སྲོལ་ངན་པ་དང་། རིན་གོང་མཐོ་བའི་གཉེན་རྟེན་སོགས་སྤྱི་ཚོགས་ཀྱི་གོམས་སྲོལ་ངན་པ་བཅོས་སྐྱོང་བྱེད་པ། ལེགས་བཙའ་ལེགས་གསོའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་གོང་འཕེལ་གཏོང་བ། སློབ་གསོ་དོ་སྙོམས་དང་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་ལ་སྐུལ་འདེད་གཏོང་བ། ཁྱིམ་ཚང་གི་འགྲོ་གྲོན་ཆུང་དུ་གཏོང་བ་བཅས་བྱེད་དགོས། བུ་བཙའི་གུང་གསེང་དང་བུ་བཙའི་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྲལ་བསྡུ་དང་སྡོད་ཁང་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས་བུད་མེད་ལས་ཞུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས། ཁྱོན་ཡོངས་ནས་ཕྲུ་གུ་གཉིས་བཙའ་ཆོག་པའི་སྲིད་ཇུས་ལེགས་སྒྲིག་མ་བྱས་གོང་གི་ཕྲུ་གུ་གཅིག་ལས་མེད་པའི་ཁྱིམ་ཚང་དང་གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་ཁྱིམ་ཚང་ཡིན་ཕྱིན། ད་ལྟ་ལག་ལེན་བསྟར་བཞིན་པའི་བྱ་དགའ་སྤྲོད་པ་དང་རོགས་སྐྱོར་ལམ་ལུགས་དང་གཟིགས་སྐྱོང་གི་སྲིད་ཇུས་རྣམས་མུ་མཐུད་ནས་ལག་ལེན་བསྟར་དགོས། འཆར་ལྡན་བུ་བཙའི་དམིགས་བསལ་ཁྱིམ་ཚང་ལ་ཕྱོགས་ཡོངས་ནས་རོགས་སྐྱོར་དང་འགན་སྲུང་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་རྩ་འཛུགས་ཐེ་ཞུགས་བྱེད་པའི་རོགས་སྐྱོར་དང་གཟིགས་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། འཆར་ལྡན་བུ་བཙའི་ཁྱིམ་ཚང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། རྒྱལ་ཁབ་ཀྱི་མི་འབོར་དུས་ཡུན་རིང་འབྲིང་གཉིས་ཀྱི་གོང་འཕེལ་འཐབ་ཇུས་དང་ས་ཁོངས་ཀྱི་མི་འབོར་གོང་འཕེལ་འཆར་འགོད་ཞིབ་འཇུག་གཏིང་ཟབ་ཏུ་བཏང་ནས། མི་འབོར་དུས་ཡུན་རིང་པོར་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད།

    གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད།


  • ལེ་ཚན་སྔོན་མ།:ཕྲུ་གུ་གསུམ་བཙའ་ཆོག་པའི་སྲིད་ཇུས་ཀྱི་གལ་ཆེའི་དོན་སྙིང་།
  • ལེ་ཚན་རྗེས་མ།:ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་དང་དེའི་གལ་ཆེའི་དོན་སྙིང་།
  • དོ་སྣང་ཆེ་བའི་རྩོམ།