ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཞི་ཅིན་ཕེན་གྱིས་ཉེ་ཆར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་སྐབས་རེ་དྲུག་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིར་བསྐོས་པའི་ན་སའེ་ཨེར་ལ་མཇལ་འཕྲད་གནང་།
མཉམ་འབྲེལ་རྒྱལ་ཚོགས་ནི་ཆེས་ཁྱབ་ཆེ་ཞིང་དབང་ཤུགས་ལྡན་པའི་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན་པའི་ངོས་ནས།འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་།མཉམ་དུ་འཕེལ་རྒྱས་འབྱུང་བར་ཡར་སྐུལ།རྒྱལ་སྤྱིའི་མཉམ་ལས་ལ་ཡར་སྐུལ་གཏོང་བ་བཅས་ཀྱི་ཕྱོགས་སུ་ཚབ་བྱེད་ཐབས་མེད་པའི་ནུས་པ་ཆེན་པོ་བཏོན།ད་ལྟའི་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཆེན་པོ་བྱུང་།ནམ་ཟླའི་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས།ཉིང་རྡུལ་བདེ་འཇགས།རང་བྱུང་གནོད་འཚེ་ཆེན་པོ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་ཉིན་རེར་འབུར་ཐོན་ཡིན་པ་དང་།རྒྱལ་སྤྱིའི་དངུལ་ལོར་ལ་བར་ཆད་གསར་བ་ཐེབས།ཉེ་དུས་ཨེ་ཤ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་གནས་བབ་ནི་སེམས་ཁྲལ་བྱེད་འོས་པ་ཞིག་ཡིན་ལ།ཀྲུང་ཏུང་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ཡང་ཉེན་ཁའི་གནས་སུ་ཡོད།ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་ནུས་པ་སྔར་ལས་ཆེན་པོ་འདོན་པར་རྦད་ཆོད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་དང་།ལི་པི་ཡ་སོགས་ཀྱི་གནད་དོན་ཐག་གཅོད་པའི་ཐད་ནས་ནུས་པ་གཙོ་བོ་བཏོན་ནས།འཛམ་གླིང་ཞི་བདེ་དང་ས་ཁུལ་བདེ་འཇགས་ཡོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕེན་གྱིས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་གོ་གནས་སླར་གསོ་བྱུང་སྟེ་ལོ40འཁོར་བའི་ལོ་ཡིན་ལ།ལོ40རིང་།ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་རྦད་ཆོད་ཀྱིས་སྲུང་སྐྱོང་བྱས་ཏེ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ཁག་གི་བྱ་བར་ཞུགས།རྗེས་སུ།ཀྲུང་གོ་ནམ་རྒྱུན་དང་འདྲ་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁྲོད་དུ་ཧུར་ཐག་གིས་ཞུགས་ཏེ།མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞིའི་བྱ་བར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གསུངས། ཕྱོགས་གཉིས་ཀས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་སྟོང་ལོའི་འཕེལ་རྒྱས་དམིགས་འབེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅོས་སྒྱུར་སོགས་ཀྱི་གནད་དོན་ཐད་ནས་ལྟ་བ་བརྗེ་རེས་བྱས།།