ཁུན་མིང་ནས་ཉེ་ཆར་གློག་འཕྲིན་འབྱོར་གསལ། ཡུན་ནན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚེས་23ཉིན“ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཡུན་ནན་གྱིས་སྒོར་དུང་ཕྱུར་728བཏབཏང་ནས་གཙོ་གནད་ལས་གྲྭ་ཁག་བརྒྱད་ཀྱི་རྣམ་གྲངས56ལག་བསྟར་བྱས་ཏེ་མི་རིགས་ས་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་དངོས་ཤུགས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
ཡུན་ནན་གྱིས་ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་98.5བཏང་ནས་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་ས་ཆ་གཞན་དུ་གནས་སྤོ་བ་དང་། ཐོན་འབབ་དམའ་འབྲིང་གི་ཞིང་ཁ་སྒྱུར་བཀོད། གྲངས་ཉུང་མི་རིགས་འདུས་སྡོད་ཤང(གྲོང་རྡལ)གི་ཕྱོགས་བསྡུས་རོགས་སྐྱོར་རྣམ་གྲངས། ཐག་རིང་ས་ཁུལ་དང་གྲངས་ཉུང་མི་རིགས། ས་ཁུལ་དབུལ་པོ་བཅས་ཀྱི་དཀའ་ངལ་ཆེ་བའི་ཚོགས་སྤྱིར་དབུལ་སྒྲོལ་འཕེལ་རྒྱས་ཡོང་བའི་རོགས་རམ་བྱེད་པ། མ་དངུལ་སྒོར་དུང་ཕྱུར136.45བཏང་ནས་མི་རིགས་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་བ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་ཆུ་བེད་འགན་ལེན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས2015ལོར་སླེབས་སྐབས་མི་རིགས་ས་ཁུལ་གྱི་རྫོང་ཚང་མར་རིམ་པ་མཐོ་བའི་གཞུང་ལམ་ཤར་བགྲོད་ཐུབ་པ་དང་ཤང་ཚང་མར་སྣུམ་ནག་ལམ(ཨར་འདམ་ལམ)ཤར་བགྲོད་ཐུབ་པ་མ་ཟད། བཅུ་ཆ་བདུན་ཡན་གྱི་སྒྲིག་གཞི་ཚང་བའི་གྲོང་ཚོར་གཞུང་ལམ་གྱི་ལམ་ངོས་མཁྲེགས་འགྱུར་ཡོང་བ་བྱ་རྒྱུ་རེད།