བོད་ལྗོངས་རླུང་འཕྲིན་དྲ་བ། 2011-08-30
སྐབས་དགུ་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འདུས་སྤྱི་ཚེས27ཉིན་གྱི་སྔ་དྲོ་འགོ་ཚུགས་པ་རེད། ཚོང་འདུས་ཐོག་རིན་སྤུངས་བའི་གཡང་ཊི་དང་གཞད་མཐོང་སྨོན་གྱི་བོད་གྲི། གྲོ་མོའི་ནགས་ཁུལ་ཐོན་ཁུངས། ཁང་དམར་གྱི་རྩམ་པ་སོགས་ཁྱད་ལྡན་ཐོན་རྫས་གང་དགོས་ཅི་དགོས་ཡོད་པ་དང༌། ཚོང་འདུས་དེ་གཙང་ཁུལ་གྱི་མིང་གྲགས་ཅན་དང་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་སྟེགས་བུ་ཞིག་ཏུ་འགྱུར་ཡོད་པ་རེད།
ཞོགས་པ་སྔ་པོ་ནས་ས་སྐྱ་རྫོང་གཞོང་མ་ཤང་ནས་ཡོང་བའི་ཚོང་པས་ས་ཆ་དེ་ག་ནས་ཐོན་པའི་ཁྱད་ལྡན་ཐོན་རྫས་སྣེ་ཁ10ལྷག་འགྲེམས་སྟེགས་ཐོག་སྒྲིག་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་ལ་ཐོན་རྫས་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད། ཚོང་འདུས་ཀྱི་འགན་ཁུར་བ་པ་སངས་ཀྱིས་གསར་འགོད་པར་ད་རེས་ང་ཚོའི་ཤང་ནས་ཐང་ག་དང་བདུག་སྤོས། འབག་སོགས་ཁྱད་ལྡན་ཐོན་རྫས་མང་པོ་འཁྱེར་ཡོད་པ་དེ་ཚོ་བྲིན་ཁ་རྒྱུག་པོ་འདུག་ད་ལྟ་བར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་ཡན་བྱུང་ཞེས་གསུངས་པ་རེད།
གཏིང་སྐྱེས་རྫོང་གི་ཚོང་འདུས་ནང་ཞུགས་མཁན་གྱི་སྣེ་འཁྲིད་འགན་འཁུར་བ་བསྟན་འཛིན་གྱིས་གསར་འགོད་པར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཚོང་འདུས་གཉེར་རིམ་བཞིན་ངས་རུ་སྣེ་འཁྲིད་དེ་ཞུགས་ཀྱི་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་ཁྲོམ་རའི་བརྟག་ཞིབ་ལས་དོན་ཡག་པོ་སྤེལ་ཏེ། གོམ་སྟབས་རྗེས་མར་གཏིང་སྐྱེས་ཀྱི་ཡུལ་ཟོག་དང་ཁྱད་ལྡན་ཐོན་རྫས་ཁྲོམ་རའི་ཐོག་འདོན་ཆེད་ཡིན་ཞེས་གསུངས་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཚོང་འདུས་ནང་ཞུགས་མཁན་ཚོང་པ200ཙམ་ཡོད་པའི་ནང་གཞིས་རྩེ་ས་ཁུལ་གྱི་ཚོང་པ50ཙམ་གྱིས་གཙང་ཁུལ་གྱི་གྲགས་ཅན་དང་སྤུས་ལེགས། ཁྱད་ལྡན་སོགས་ཀྱི་ཐོན་རྫས་སྣེ་ཁ600ལྷག་འཁྱེར་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10