ས་གནས་ཁག་གི་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་ཡོང་སྟེ་ལག་ཏུ་ཁ་བཏགས་འཁྱེར་བ་དང་། རླུང་རྟ་གཏོར་བ། བསང་གཏོང་བ་སོགས་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་དགའ་བསུ་ཟབ་མོ་ཞུས་པ་དང་། དགོན་སྡེ་ཁག་ཚང་མས་ཆོས་ལུགས་ཀྱི་མཛད་སྒོ་གཟབ་ཤོས་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་རེད།
བླ་བྲང་དགོན་པར་པཎ་ཆེན་རིན་པོ་ཆེས་གུང་ཐང་ཚང་དང་སྡེ་བ་ཚང་ནང་ཆེན་དུ་འཚམས་འདྲི་གནང་བ་དང་འབྲེལ་གསོ་རིག་གླིང་དང་པར་ཁང་སོགས་ལ་རབ་གནས་གནང་བ་དང་ཐོས་བསམ་གླིང་གི་རྩོད་རྒྱུགས་ལ་གཟིགས་པ་དང་འབྲེལ་འདུ་ཁང་ནང་དགེ་འདུན་པ་ཚོར་གསུང་ཆོས་གནང་ཞིང་།བསང་ཆུ་རྫོང་དུ་པཎ་ཆེན་རིན་པོ་ཆེས་ཁོང་གི་ཡོངས་འཛིན་འཇམ་དབྱངས་རྒྱ་མཚོར་གཟིགས་པ་དང་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡུམ་གྱི་འཐུས་མི་དང་དེ་བཞིན་གྲྭ་པ་རྒན་གྲས་དང་བླ་བྲང་དགོན་པའི་འཐུས་མི་དང་མཇལ་འཛོམས་གནང་བ་རེད།ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ལ་ཉིན་བཅུ་བཞུགས་རིང་པཎ་ཆེན་རིན་པོ་ཆེས་ཁྱོན་སེར་སྐྱ་མང་ཚོགས་ཁྲི་5ལྷག་ཙམ་ལ་ཕྱག་དབང་གནང་བ་རེད།
ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས་པཎ་ཆེན་རིན་པོ་ཆེས་ལོ་8སོང་རྗེས་སུ་སླར་ཡང་ཀན་ལྷོར་ཡོང་སྐབས་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཆོས་དད་རང་མོས་གང་ལེགས་ཡོད་པ་ཚོར་བྱུང་། དེ་དག་ནི་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་པས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་ཚོས་ཁྲིམས་ལུགས་སློབ་སྦྱོང་དང་། ཁྲིམས་ལུགས་ཤེས་པ། ཁྲིམས་སྲུང་བ་བཅས་བྱས་ཏེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་བླང་བྱ་ལྟར་རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་དང་། ཐོས་བསམ་སྒོམ་གསུམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཚད་ལོན་པའི་དགེ་འདུན་པ་ཞིག་བྱས་ཏེ་དད་ལྡན་མང་ཚོགས་ལ་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་བ་དང་འབད་བརྩོན་ཆེན་པོས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམས་པ་བྱེད་དགོས་པའི་ཐུགས་རེ་བཏོན་གནང་བ་དང་། ཁོང་གིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་མིག་དཔེ་བྱས་ཏེ་ཁོང་རྣམ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་ཐོག་ནང་རིག་པས་གཙོ་བོར་བྱེད་པའི་ཕྱོགས་ཁག་གི་ཤེས་བྱ་སྔར་བས་སློབ་སྦྱོང་བྱས་ཏེ་མེས་རྒྱལ་དར་རྒྱས་དང་སངས་རྒྱས་བསྟན་པ་དར་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཀླུ་ཆུ་རྫོང་དུ་པཎ་ཆེན་རིན་པོ་ཆེས་སྐྱས་སྤོས་འབྲོག་པའི་གཞིས་སྡོད་ལས་གྲྭའི་གཞིས་ཆགས་ཁུལ་དུ་རྟོག་ཞིབ་གནང་བ་དང་། ཚང་མ་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པའི་ནང་བསྡད་པ་གཟིགས་སྐབས་པཎ་ཆེན་རིན་པོ་ཆེས་དགྱེས་ཚོར་ཆེན་པོའི་ངངཏང་དང་སྲིད་གཞུང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་ལྷག་དོན་དུ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་པས་ཁྱེད་ཚོས་ཐོན་སྐྱེད་ཡག་པོ་གཉེར་ནས་མགྱོགས་མྱུར་ཕྱུག་པོ་ཆགས་པ་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་ཡོདཅེས་གསུངས་པ་དང་། གཙོད་གྲོང་ཁྱེར་དུ་པཎ་ཆེན་རིན་པོ་ཆེས་ཀན་སུའུ་མི་རིགས་སློབ་གླིང་ལ་གཟིགས་སྐོར་གནང་བ་མ་ཟད་བོད་རིགས་དང་།ཧུའེ་རིགས།རྒྱ་རིགས་སོགས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་དང་འགན་ལེན་ལྔའི་དུད་ཚང་ལ་དངུལ་ཞལ་འདེབས་གནང་བ་རེད།
ཀན་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ལུའུ་ཧའོ་དང་ཞིང་དཔོན་ལིའུ་ཝུའེ་ཕིང་རྣམ་གཉིས་ཀྱིས་པཎ་ཆེན་རིན་པོ་ཆེར་གཟིགས་པ་དང་འབྲེལ་ཁོང་ལ་ཀན་སུའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།