ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བྱུང་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

        2023-12-25

པེ་ཅིང་གི་དུས་ཚོད་སྤྱི་ཟླ12པའི་ཚེས18ཉིན་གྱི་ཆུ་ཚོད་ཉེར་གསུམ་དང་སྐར་མ་ང་དགུའི་སྟེང་། ཀན་སུའུ་ཞིང་ཆེན་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ས་ཡོམ་རིམ་པ6.2བྱུང་བ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་བཅུ་རེད། མིག་སྔའི་བར་དུ་ས་ཡོམ་ཁྲོད་ཀན་སུའུ་ཡི་མི100་དང་མཚོ་སྔོན་གྱི་མི11རྐྱེན་ལམ་དུ་ཤོར་བ་དང་། ཆུ་དང་གློག། འགྲིམ་འགྲུལ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་ཆས་ཁ་ཤས་ལ་གཏོར་བརླག་ཐེབས་ཡོད།

ས་ཡོམ་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་སྟེ། ཀན་སུའུ་ཀ་ཇུ་ཁུལ་ཅི་ཧྲི་ཧྲན་རྫོང་དུ་ཚད་ས་ཡོམ་རིམ6.2བྱུང་ནས་མི་མང་བོར་ཤི་རྨས་བྱུང་བས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་རྨས་མ་སྐྱོབ་ཅིང་བཅོས་ཏེ་མི་སྣ་ཤི་རྨས་ཀྱི་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས། གནོད་འཚེ་ཐེབས་པའི་ས་ཁུལ་དེ་ས་བབ་མཐོ་བའི་ས་ཁོངས་སུ་གནས་པ་དང་གནམ་གཤིས་འཁྱག་པས་ས་ཡོམ་གྱི་གནས་ཚུལ་དང་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱས་ནས། ཞོར་ཐོན་གནོད་འཚེ་འབྱུང་བར་དོགས་ཟོན་བྱ་དགོས། མྱུར་སྐྱོབ་རོགས་སྐྱོབ་དངོས་ཟོག་གང་མགྱོགས་ཀྱིས་གྲབས་གསོག་དང་སྤྲོད་པ་དང་། གཏོར་སྐྱོན་ཐེབས་པའི་གློག་ཤུགས་དང་འཕྲིན་གཏོང་། འགྲིམ་འགྲུལ། དྲོད་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་མྱུར་དུ་ཞིག་གསོ། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ། མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བཅས་ཀྱི་ཁར་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཁྱིམ་མིར་སེམས་གསོ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚན་ཆུང་གནོད་ཁུལ་དུ་ཡོམ་འགོག་རྒུད་སྐྱོབ་བྱ་བར་མཛུབ་ཁྲིད་དུ་མངག་དགོས་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ས་གནས་ཀྱི་ཉེན་སེལ་རྒུད་སྐྱོབ་བྱ་བར་གཞོགས་འདེགས་ཧུར་ཐག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་དང་གནོད་ཐེབས་མང་ཚོགས་འཚོལ་ཞིང་བསྐྱབ་དགོས་པར་མ་ཟད་རྨས་མ་བསྐྱབས་ཏེ། མི་སྣ་ཤི་རྨས་ཇེ་ཉུང་དུ་གཏོང་གང་ཐུབ་བྱ་དགོས། མིག་སྔར་དགུན་ཁའི་དུས་ཚིགས་ཡིན་པས། མགྱོགས་མྱུར་སྒོས་གནོད་ཐེབས་གནས་ཚུལ་ལ་ཞིབ་བཤེར་དང་། གཏོར་སྐྱོན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ཞིག་གསོ། གནོད་ཐེབས་མང་ཚོགས་གནས་སྤོ་བདེ་འགོད་བཅས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ། དུས་ཐོག་ཏུ་ཆ་འཕྲིན་བསྒྲགས་ཏེ། གནོད་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་ཡོང་བར་བསྲུང་དགོས། ས་ཡོམ་གྱི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། ཞོར་ཐོན་གནོད་འཚེ་སྣ་ཚོགས་འབྱུང་བར་དོགས་ཟོན་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་སྲུང་བྱ་དགོས་ཞེས་བསྟན།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཆང་གི་བླང་བྱ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་དོན་ཚན་ཆུང་གནོད་ཁུལ་དུ་མངགས་ནས་མྱུར་སྐྱོབ་བཀོད་སྒྲིག་སོགས་ཀྱི་བྱ་བར་མཛུབ་སྟོན་བྱས། ཀན་སུའུ་དང་མཚོ་སྔོན་གྱིས་སྟོབས་ཤུགས་བསྡུས་ཏེ་ཉེན་སེལ་རོགས་སྐྱོབ་ཀྱི་བྱ་བ་སྤེལ་བར་མ་ཟད། སྦྲ་གུར་དང་མལ་ཁྲི། མལ་ཐུལ་སོགས་རྒུད་སྐྱོབ་དངོས་ཟོག་གནོད་ཁུལ་དུ་འདྲེན་ཏེ། ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོབ་བྱེད་བཞིན་ཡོད། མིག་སྔར་ཡོམ་འགོག་རྒུད་སྐྱོབ་ཀྱི་བྱ་བ་སོ་སོ་བྲེལ་མྱུར་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་པའི་སྒང་རེད།། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པར་བླང་བྱ་བཏོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།