“འཛམ་གླིང་གི་བོད་རིག་པའི་སློབ་གླིང”ཞེས་འབོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་ཉེར་ཡོད་པ།

    མི་དམངས་དྲ་བ།    2022-01-11

ཀན་ལྷོ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ལོ་དགུ་ཡི་རིང་ཕྱེད་བཀག་སྡོམ་གྱིས་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱས་པ་བརྒྱུད“འཛམ་གླིང་གི་བོད་རིག་པའི་སློབ་གླིང”ཞེས་འབོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་ཉེར་ཡོད་པ་རེད།
     བསང་ཆུ་རྫོང་དུ་གནས་པའི་བླ་བྲང་བཀྲ་ཤིས་འཁྱིལ་ནི་1709ལོར་བཞེངས་པ་དང་1982ལོར་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་གཏན་འཁེལ་བྱས་པ་རེད། ཨར་སྐྲུན་གྱི་དུས་ཡུན་རིང་བ་དང་རང་བྱུང་གི་གཏོར་སྐྱོན་ཕོག་པ་སོགས་ཀྱིས་རྐྱེན་པས་སྲུང་སྐྱོབ་དང་ཉམས་གསོ་བྱེད་དགོས་ཀྱི་ཡོད། རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག 2012ལོའི་ཟླ་དགུ་པར་ཉམས་གསོའི་ལས་གྲྭ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་དང་མིག་སྔར་ལྷ་ཁང་16གི་ཉམས་གསོ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད།
     ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་3.05བཏང་ནས་ལྷ་ཁང་གི་གྲུབ་ཆ་གཙོ་བོ་དང་རིག་དངོས་ལྡེབས་རིས་སོགས་ལ་སྲུང་སྐྱོབ་རང་བཞིན་གྱི་ཉམས་གསོ་བྱས་པ་དང་། ད་ཐེངས་ཀྱི་ཉམས་གསོ་ནི་བླ་བྲང་བཀྲ་ཤིས་འཁྱིལ་བཞེངས་ནས་ལོ་300ལྷག་ཙམ་རིང་གཞི་ཁྱོན་ཆེན་པོས་ཉམས་གསོ་བྱེད་ཐེངས་དང་པོ་དེ་ཡིན་པ་དང་ཉམས་གསོ་ལེགས་གྲུབ་བྱུང་བའི་ལྷ་ཁང་ཁག་གཅིག་རིམ་བཞིན་ཡུལ་སྐོར་བར་སྒོ་མོ་ཕྱེ་ཡོད།
     བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོབ་ཉམས་གསོའི་ལས་གྲྭའི་ལས་ཡུལ་གྱི་འགན་འཁུར་བ་འབྲུག་པ་རྡོ་རྗེས། སྲུང་སྐྱོབ་ཉམས་གསོའི་ལས་གྲྭ་ལག་བསྟར་བྱས་པ་ལས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གནའ་བོའི་སྐྲུན་དངོས་དང་རིག་དངོས་ལ་སྲུང་སྐྱོབ་ནུས་ལྡན་ལོ་300ལྷག་ཙམ་རྒྱུན་མཐུད་ཐུབ་རྒྱུ་མ་ཟད། ད་དུང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ཁྱོན་ཡོངས་ཀྱི་གཟུགས་བརྙན་ལེགས་སུ་ཆེས་ཆེར་ཕྱིན་ཡོད་ཅེས་བཤད་པ་རེད།

  • ལེ་ཚན་སྔོན་མ།:ཐོབ་ཐང་ལག་ཁྱེར་སྤྱད་དེ་བདེ་ཐང་ཞིབ་བཤེར་བྱ་རྒྱུ་ཁྱབ་གདལ་གཏོང་དགོས།
  • ལེ་ཚན་རྗེས་མ།:ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10