ཐོབ་ཐང་ལག་ཁྱེར་སྤྱད་དེ་བདེ་ཐང་ཞིབ་བཤེར་བྱ་རྒྱུ་ཁྱབ་གདལ་གཏོང་དགོས།

    མི་དམངས་དྲ་བ།    2022-01-11

 རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གཞུང་ཕྱོགས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། སྤྱི་བདེ་པུའུ་སོགས་སྡེ་ཁག་བཅུ་བཞི་ཡིས《2022ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་བདེ་ཐང་ཨང་རྟགས་རྒྱལ་ཡོངས་སུ་“ཨང་གཅིག་ཤར་བགྲོད”དོན་འཁྱོལ་བྱས་ནས་ས་ཁུལ་ཁག་གིས་ཐོབ་ཐང་ལག་ཁྱེར་སྤྱད་དེ་རང་འགུལ་ངང་བདེ་ཐང་ཨང་རྟགས་ཞིབ་བཤེར་གྱི་ཞབས་ཞུ་ཁྱབ་གདལ་གཏོང་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་བཏོན་པ་རེད།
     《བསམ་འཆར》ནང་བསྟན་དོན། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་དེ་ཟླ་1ཚེས་17ཉིན་ནས་འགོ་ཚུགས་རྒྱུ་དང་ཟླ་2ཚེས་25ཉིན་མཇུག་བསྒྲིལ་རྒྱུ་ཁྱོན་ཉིན་40ཡིན་པ་རེད། 2022ལོ་ནི་རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་སྐྱོད་པའི་གལ་ཆེའི་ལོ་ཞིག་ཡིན་པ་དང་། དཔྱིད་གསར་སྐྱེལ་འདྲེན་རིང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུ་དང་། ལོ་སྨད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོག་རྒྱུ་ཡིན་པས་དཔྱིད་གསར་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད།
     ཕྱོགས་བསྡུས་ཞིབ་འཇུག་དབྱེ་འབྱེད་བྱས་པར་གཞིགས་ན། 2022ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་རྒྱུན་ཐད་གཏན་འཁེལ་མིན་པའི་རང་བཞིན་ཆེ་ཙམ་ལྡན་པ་དང་། དུས་ཆེན་གོང་འགྲུལ་རྒྱུན་བལྟོས་བཅས་ཀྱིས་གཅིག་སྡུད་ཆེ་བ། དུས་ཆེན་རྗེས་ཕྱིར་ལོག་མཁན་ཁ་ཐོར་ཡིན་པ། ས་ཁོངས་བར་གྱི་འགྲུལ་རྒྱུན་ཐད་ཧེ་བག་ཆེ་ཙམ་ཡོད་པ་བཅས་རེད། སྔོན་དཔག་བྱས་ན། ལས་གཉེར་རང་བཞིན་གྱི་འགྲུལ་སྐྱེལ་གནོན་ཤུགས་རྒྱུན་གཏན་ལས་ཅུང་ཆུང་དུ་ཕྱིན་ནས་མྱུར་བགྲོད་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲོ་སྐྱོད་བཟུང་ཚད་སྔར་ལས་མཐོ་རུ་འགྲོ་བ་དང་། སྒེར་འཁོར་འགྲོ་སྐྱོད་བྱེད་ཚད་ལྡོག་ནས་འཕར་སྲིད་པ་རེད། རྒྱལ་སྤྱིའི་རིམས་ནད་གནས་ཚུལ་ཛ་དྲག་དང་རྙོག་འཛིང་ཆེ་ལ། གཞན་འགྱུར་གྱི་ནད་དུག་འགོས་ཁྱབ་ཆེ་བ། སྔོན་འགོག་དང་ཚོད་འཛིན་བྱེད་དཀའ་རུ་འགྲོ། གནམ་གཤིས་སྔོན་དཔག་ལྟར་ན། དཔྱིད་གསར་སྐྱེལ་འདྲེན་རིང་གི་གནམ་གཤིས་ཆ་རྐྱེན་ལ་ནོར་འཛོལ་ཡོད་པས། དྲོད་ཚད་དམའ་བའི་གངས་ཆར་འཁྱགས་རོམ་གནམ་གཤིས་ཀྱི་ཤུགས་རྐྱེན་ངན་པ་སྔོན་འགོག་བྱེད་དགོས།
     《བསམ་འཆར》ནང་དྲ་རྒྱའི་ཐོག་སྤ་སེ་འཚོང་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་དྲ་རྒྱའི་སྤ་སེ་ཉོ་བའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་སྤ་སེ་ཕྱིར་སློག་གི་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། “འབྲེལ་གཏུག་མེད་པའི”འགྲོ་སྐྱོད་ཞབས་ཞུའི་བཀོལ་སྤྱོད་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། རང་འགུལ་སྤ་སེ་བཤེར་བྱེད་འཕྲུལ་འཁོར་དང་བདེ་འཇགས་ཞིབ་བཤེར་ཡོ་བྱད་མང་དུ་གཏོང་བ། རང་འགུལ་མིང་ངོ་མ་འགོད་པའི་ལམ་ལུགས་ཀྱི་ཞིབ་དཔྱད་ཐབས་ལམ་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས། གློག་རྡུལ་འགྲུལ་སྐྱེལ་སྤ་སེ་སྔར་ལས་ཁྱབ་གདལ་དང་བཀོལ་སྤྱོད་བྱས་ཏེ། “ཤོག་མེད་ཅན”གྱི་སྟབས་བདེའི་འགྲོ་སྐྱོད་ལ་སྐུལ་འདེད་གཏོང་དགོས། བདེ་ཐང་ཨང་རྟགས་རྒྱལ་ཡོངས་སུ“ཨང་གཅིག་ཤར་བགྲོད”དོན་འཁྱོལ་བྱས་ཏེ། ས་ཁུལ་ཁག་གིས་ཐོབ་ཐང་ལག་ཁྱེར་སྤྱད་དེ་རང་འགུལ་གྱིས་བདེ་ཐང་ཨང་རྟགས་ཞིབ་བཤེར་བྱེད་པའི་ཞབས་ཞུ་ཁྱབ་གདལ་གཏོང་བར་སྐུལ་མ་བྱེད་དགོས། མྱུར་བགྲོད་གཞུང་ལམ་ལམ་རྒྱུད་ཀྱི་བཟའ་བཏུང་དང་རོགས་སྐྱོབ་ཞབས་ཞུའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། འགྲུལ་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས།
     དུས་མཚུངས་སུ་གཙོ་གནད་ཚོགས་སྤྱིའི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་སྤྱི་འདོམས་བསམ་གཞིག་བྱས་ནས་ཕྱིར་གླ་པར་སྐྱོད་མཁན་གྱིས་གཅིག་སྡུད་ཐོག་ཆེད་སྤྱོད་རླངས་འཁོར་དང་ཆེད་སྤྱོད་མེ་འཁོར་བཏང་སྟེ་དགོས་མཁོར་གཞིགས་ཏེ་ཞིང་པ་ལས་མི་ཕ་ཡུལ་དུ་ལོག་པ་དང་ལས་གནས་སུ་ལོག་པའི“གནས་འདི་ནས་གནས་དེ་བར”སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་དགོས། མཐོ་སློབ་གཅིག་སྡུད་ཀྱི་གྲོང་ཁྱེར་གྱིས་རླངས་འཁོར་འགན་གཙང་བླངས་ནས་སློབ་མར་སློབ་གྲྭའི་ས་ཚིགས་བར་རིན་མེད་གྱིས་སྦྲེལ་མཐུད་བྱ་རྒྱུར་སྐུལ་ལྕག་གཏོང་དགོས། རིག་ནུས་ལག་རྩལ་གྱིས་རྒན་རྒོན་གྱི་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་རྩད་ཞིབ་དང་བཅོས་སྒྲིག་བྱས་ནས། གཙོ་གནད་འགྲུལ་སྐྱེལ་ལྟེ་གནས་སུ་རྒན་རྒོན་གྱི་ཞབས་ཞུའི་ཆེད་ཁུལ་བཀོད་སྒྲིག་བྱེད་དགོས། དམག་མི་དང་། མེ་གསོད་མེ་འགོག་གི་རོགས་སྐྱོབ་མི་སྣ་དང་དེ་བཞིན་དེ་དང་མཉམ་དུ་ཡོད་པའི་ཁྱིམ་མི་འགྲོ་སྐྱོད་བྱེད་པར་ཁྲིམས་ལྟར་སྔོན་ལ་གཟིགས་སྐྱོང་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས།

  • ལེ་ཚན་སྔོན་མ།:ས་ཡོམ་གྱིས་མཚོ་སྔོན་ས་ཁུལ་དུ་གནོད་འཚེ་ཐེབས་ཚུལ་གསར་ཤོས།
  • ལེ་ཚན་རྗེས་མ།:“འཛམ་གླིང་གི་བོད་རིག་པའི་སློབ་གླིང”ཞེས་འབོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་ཉེར་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10