དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

        2022-01-10

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

ཧྲེན་དབྱང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་། ཧྥུང་ཧྥ་ཀུའེ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་ཐོན་བྱུང་། ཧྲུའུ་ཏ་ཁྲུན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་ཐོན་བྱུང་།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

ཁུལ་དམངས་ཆེན་གྱི་མཇུག་བསྒྲིལ་ཚོགས་འདུའི་ཚོགས་ར།


དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

ཧྲེན་དབྱང་གིས་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ཧྥུང་ཧྥ་ཀུའེ་ལ་རྟེན་འབྲེལ་ཞུ།


དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།

ཧྲེན་དབྱང་གིས་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ཧྲུའུ་ཏ་ཁྲུན་ལ་རྟེན་འབྲེལ་ཞུ།


སྤྱི་ཟླ་དང་པོའི་ཚེས9ཉིན་གྱི་ཕྱི་དྲོར།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་དར་མདོའི་ཟློས་གར་ཁང་དུ་མཇུག་བསྒྲིལ་བ་རེད།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི288ཡིན་ཞིང་། འཐུས་མི283དངོས་སུ་ཞུགས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་ཡོད།

མཇུག་བསྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྲེན་དབྱང་དང་ཧྲུའུ་ཏ་ཁྲུན། ཧྲི་ཀང་། ཆིའུ་ཞའོ་ཉིང་། མཱ་ཁྲང་ཞིན། ཅིན་ཝུའུ། ཙེང་ཀོན་ཧོ། ཞའོ་ཀྲི་ཧུང་། རྡོ་རྗེ། ཀྲུའུ་པང་ཝུན། ལིན་ཏུང་ཧྲེན། ཚངས་དཀར་ཚུལ་ཁྲིམས། དབྱང་ལིན། སྐལ་བཟང་འགྱུར་མེད། གཉའ་རྒྱལ་མཚན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

འདེམས་བསྐོ་ཚོགས་ཆེན་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་བ་དང་འདེམས་ཤོག་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་བཅད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང། ཀྲུའུ་རེན་གཞོན་པ། དྲུང་ཡིག་ཆེན་པོ། ཨུ་ཡོན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དང་ཁུལ་དཔོན་གཞོན་པ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་འཛིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན་འདེམས་བསྐོ་བྱས་ཡོད།

དཀར་མཛེས་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འོས་མིའི་མིང་ཐོའི་འཆར་ཟིན་དང་ཁུལ་སྲིད་གཞུང་གི་ལས་དོན་སྙན་སེང་དང་།འཆར་གཞིའི་སྙན་སེང་།ནོར་སྲིད་སྙན་སེང་།ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་ཞུ།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་བཅས་སྐོར་གྱི་གྲོས་ཆོད་འཆར་ཟིན་ཁག་བགོས་ནས་བརྡས་ཐག་བཅད་ཡོད་པ་རེད།

ཚོགས་ཆེན་གྱི་གྲོས་རིམ་དང་ཐེངས་འདིའི་གྲོས་ཚོགས་ཀྱི་འདེམས་བསྐོའི་བྱེད་ཐབས་དང་བརྡས་ཐག་གཅོད་ཐབས་ཀྱི་གཏན་འབེབས་ལྟར། ཚོགས་ཆེན་དུ་མིང་མི་བཀོད་པའི་འདེམས་ཤོག་འཕེན་ནས་འདེམས་བསྐོ་བྱས་མཐར།ཧྲུའུ་ཏ་ཁྲུན་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་ཐོན་བྱུང་བ་དང་། ཝང་ཆང་དང་ཝང་ཁྲེང་ཁང་། རིན་ཆེན། རྡོ་རྗེ།ཞའོ་ཀྲི་ཧུང་། བློ་བཟང་ཆོས་འཕེལ། ཙེང་ཀོན་ཧོ་བཅས་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་བ་རེད།ཧྥུང་ཧྥ་ཀུའེ་ཁུལ་དཔོན་ལ་བདམས་ཐོན་བྱུང་བ་དང་ཏེང་ལི་ཅུན། ལི་ཆང་། ཡན་ལེ། ཧྥེང་ཅུན་ཧྥེང་།ཡོན་ཀང་། ཧོང་ཅིན། ཧོ་ཝུན་ཚའེ།བསོད་ནམས་དབྱངས་ཅན་བཅས་ཁུལ་དཔོན་གཞོན་པར་བདམས་ཐོན་བྱུང་། ཅིན་ཝུའུ་དཀར་མཛེས་ཁུལ་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་། ཧྥུ་པའོ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་འཛིན་ལ་བདམས་ཐོན་བྱུང་།ལིའོ་ཞུའེ་ཏུང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་འཛིན་ལ་བདམས་ཐོན་བྱུང་ཡོད།

ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན། ཁུལ་མི་དམངས་སྲིད་གཞུང་། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན། དཀར་མཛེས་ཡན་ལག་དམག་ཁུལ་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། ཁུལ་དང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་མཐོ་སློབ་ཀྱི་འགན་འཁུར་བ། དཀར་མཛེས་ཁུལ་དུ་བཅའ་སྡོད་བྱེད་པའི་ཀྲེ་ཅང་ཞིང་ཆེན་གྱི་རོགས་སྐྱོར་རུ་ཁག་གི་འགན་འཁུར་བློ་མཐུན་བཅས་གདན་ཞུས་ལྟར་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

ཧྲེན་དབྱང་གིས་དང་ཐོག་གསར་དུ་བདམས་ཐོན་བྱུང་བའི་ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚོགས་པར་རྟེན་འབྲེལ་ཞུས། ཁོང་གིས་ནན་གསུང་གནང་དོན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྒྱུད་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་མཇུག་སྒྲིལ་བ་རེད། ཐེངས་འདིའི་གྲོས་ཚོགས་ནི་ལོ་བརྒྱ་དང་པོའི་དམིགས་འབེན་མངོན་འགྱུར་དང་ལོ་བརྒྱ་གཉིས་པའི་དམིགས་འབེན་གྱི་ཕྱོགས་སུ་ཡར་བརྩོན་བྱེད་པའི་ལོ་རྒྱུས་ཀྱི་གནད་འགག་ཐུག་སར་ཡིན་ཞིང་།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཐུན་སྒྲིལ་འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་རེད།ཚོགས་ཆེན་འཚོག་རིང་འཐུས་མི་རྣམ་པས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་འགན་འཁྲི་འཁུར་སེམས་ཆེན་པོ་བཅངས་ནས་དམངས་གཙོ་དར་སྤེལ་གང་ལེགས་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། སྙན་སེང་ཁག་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ། འདེམས་བསྐོའི་ལས་འགན་ཁག་ལེགས་གྲུབ་བྱུང་བ་དང་། གྲོས་ཆོད་ཁག་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད། ཚོགས་ཆེན་ནི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། མཐུན་སྒྲིལ་དམངས་གཙོ་བཅས་ཀྱི་ཚོགས་ཆེན་ཞིག་དང་དངོས་ཐོག་བདེན་འཚོལ། སྤྱོད་གཙང་གཞུང་དྲང་གི་ཚོགས་ཆེན་ཞིག་ཡིན་པས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱིས་དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་དེ་མུ་མཐུད་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ཐེབས་ངེས་རེད། འདིར་ངས་ཁུལ་ཨུའི་ཚབ་ཞུས་ནས་ཚོགས་ཆེན་བདེ་བླག་ངང་མཇུག་སྒྲིལ་བར་སྤྲོ་སེམས་འཕེལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལྷན་རྒྱས་ཀྱིས་དཀའ་སྤྱད་འབད་བརྩོན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཧྲེན་དབྱང་གིས་ཐེངས་འདིའི་ཚོགས་འདུའི་ཐོག་ཁྲིམས་ལྟར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ། ཁོངས་མི་གཞན་དག་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་དང་ཁུལ་དཔོན་གཞོན་པ། ཁུལ་ལྟ་སྐུལ་ཞིབ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་འཛིན་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་འཛིན་བཅས་བདམས་ཐོན་བྱུང་བ་དང་། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཆེད་དོན་ཨུ་ལྷན་ཁག་གི་ཁོངས་མི་གཏན་འཁེལ་བྱས་པ་རེད། ངས་ཁུལ་ཨུའི་ཚབ་ཞུས་ནས་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ཚོར་སྤྲོ་སེམས་འཕེལ་བའི་ངང་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་ཚང་མས་དམ་བཅའ་བློ་ལ་བརྟན་པོར་ངེས་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ལས་བརྩོན་ལས་བཀུར། སྤྱོད་གཙང་གཞུང་དྲང་བཅས་བྱས་ནས་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་ཡོད།

ཧྲེན་དབྱང་གིས་གསུངས་དོན། འདས་པའི་ལོ་ལྔའི་རིང་ལ་ཕྱི་མིག་བལྟས་ཚེ། གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ཞིང་། བརྒྱུད་རིམ་ལ་དཀའ་ཚེགས་ཀྱིས་ཁེངས་འདུག། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱས་པས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོར་འདེགས་བྱས་པ་དང་། སྐྱེ་ཁམས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། དམངས་འཚོའི་བྱ་གཞག་རྒྱུན་མཐུད་ངང་ལེགས་བཅོས་བྱས་ཏེ་ཏང་ནན་སྐྱོང་རྒྱུན་མཐུད་ངང་གཏིང་ཟབ་བཅས་བྱེད་པའི་རྣམ་པ་བཟང་པོ་མངོན་འགྱུར་བྱུང་ཡོད།

བརྒྱུད་རིམ་དེའི་ནང་རིམ་ཁག་མི་དམངས་འཐུས་ཚོགས་དང་འཐུས་མི་ཚོས་ལྟེ་གནས་ལ་དམ་པོར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབས་པ། ཁྲིམས་ལྟར་ཁྲིམས་གནད་འཁེལ་བའི་འགན་འཁྲི་བསྒྲུབས་པ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཐོབ་ཐང་མི་བརྗེད་པ། “གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བ་བཅས་བྱས་ནས་ཆེས་རྒྱ་ཆེ་བ་དང་། ཆེས་ཁུངས་བཙན་པ། ཆེས་གོ་ཆོད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མི་དམངས་ཀྱི་སེམས་ནང་གཏིང་ཟབ་ཟུག་ཡོད། ཐོག་མཐའ་བར་གསུམ་དུ་དམངས་འཚོར་ཚད་མཐོའི་དོ་ཁུར་བྱེད་པ་དང་། མི་དམངས་ཀྱི་འདོད་བློ་གཅིག་སྡུད། དམངས་འཚོའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཐད་འབད་བརྩོན་ཆེན་པོ་བྱས་ནས་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོ་བཅངས་པ་དང་། རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། ཁྲིམས་སྐྱོང་འགན་ལེན་འཐུས་ཚང་དུ་གཏོང་བའི་ཐད་བྱས་རྗེས་བཞག་ཡོད། ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་ཐག་གཅོད་དབང་ཆ། ལྟ་སྐུལ་དབང་ཆ། བསྐོ་འཐེན་དབང་ཆ་སྤྱོད་པ། ཁུལ་ཡོངས་ཀྱི་མི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུར་སྐུལ་འདེད་གཏོང་བ། ཏང་དང་མི་དམངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ཨ་ལན་སློག་པ་བཅས་ཀྱི་ཐོག་ནས་དགོས་ངེས་ཀྱི་ཉམས་འགྱུར་མངོན་ཡོད།འདིར་ངས་ཁུལ་ཨུའི་ཚབ་ཞུས་ནས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། ད་ཐེངས་ཀྱི་ཚོགས་ཆེན་ཐོག་ང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་ལ་བདམས་པ་དེ་ནི་འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པ་ང་ལ་མྱོང་ཚོར་ཟབ་མོ་བྱུང་སོང་། འདེམས་ཤོག་དེ་དག་གིས་རྩ་འཛུགས་ཀྱི་མངགས་བཅོལ་ཟབ་མོ་མཚོན་པ་དང་། འཐུས་མི་ཚོའི་ཡིད་ཆེས་ཐོབ་པ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་བ་ཟབ་མོ་ལྡན་པ་བཅས་ཀྱི་ཚོར་སྣང་ཟབ་མོ་ཡོང་གི་ཡོད། སྐབས་འདིར་ང་ལ་སེམས་འགུལ་དང་གཟི་བརྗིད་ཀྱི་ཚོར་བ་ཞིག་སྐྱེས་བྱུང་ལ། དེ་བས་འགན་འཁྲི་ཞིག་ཀྱང་རེད། འདིར་ངས་འཐུས་མི་རྣམ་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་དཀར་མཛེས་ཁུལ་ནི་ནང་དོན་གཏིང་ཟབ་པ་དང་གནས་བབ་མངོན་གསལ་དོད་པ། ཐོན་ཁུངས་ཕུན་སུམ་ཚོགས་པ།ཡུལ་ལྗོངས་ལྟ་ན་སྡུག་པ་བཅས་ཀྱི་ས་ཆ་ཡག་པོ་ཞིག་ཡིན། སྔོན་ཆད་དཀར་མཛེས་ཁུལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་ཡོད། ད་ཐེངས་དཀར་མཛེས་ཁུལ་དུས་རབས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། མཇུག་འགྲིལ་མ་ཐག་པའི་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་གཙོ་རྐང་གཅིག་མཐའ་འཁྱོངས་དང་། ཁུལ་གཉིས་དང་ས་ཁུལ་གསུམ་གཏོད་པ། སྒུལ་ཤུགས་བཞི་གསོ་སྐྱོང་། འཐབ་ཇུས་ཆེན་པོ་ལྔའི”སྤྱི་ཡོངས་ཀྱི་ལས་ཀའི་རྣམ་པ་གཏན་འཁེལ་བྱས་པ་རེད། མཐུན་སྒྲིལ་འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པའི་ལམ་བུའི་ཐོག་ལོ་རྒྱུས་ཀྱི་གཅིག་མཐུད་གཅིག་བླངས་ནས་དུས་རབས་ཀྱི“རྒྱུགས་ར་ཆེན་མོར”བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཕྱི་སྒྲུབ་ཐུབ་པ་བྱུང་བས་ང་ལ་སྤོབས་སེམས་ཆེན་པོ་སྐྱེ་གི་ཡོད། ཁུལ་ཨུའི་མགོ་ཁྲིད་དང་ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་འོག་ལས་བཀུར་ཆེད་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཁུལ་སྲིད་གཞུང་གི་མགོ་ཁྲིད་ཚོགས་པ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་དང་བྱས་རྗེས་ལ་བརྟེན་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་ཡིན།

ཧྲུའུ་ཏ་ཁྲུན་གྱིས་གསུངས་དོན། ཧྲེན་དབྱང་ཧྲུའུ་ཅི་དང་འཐུས་མི་རྣམ་པ། བློ་མཐུན་རྣམ་པ་ཚོས་ཐུགས་ཁུར་དང་འབད་བརྩོན་འོག། ཁུལ་དམངས་ཆེན་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་རན་འདུག། ཚོགས་ཆེན་ཐོག་ང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་པ་དང་། ཕུའུ་ཡུང་ཧྥུང་སོགས་བློ་མཐུན་བརྒྱད་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པར་བདམས། སྐབས་གསར་པའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་བདམས་ཐོན་བྱུང་བ་ནི་རྩ་འཛུགས་ཀྱི་ཐུགས་ཁུར་ཡིན་པར་མ་ཟད། འཐུས་མིའི་ཡིད་ཆེས་ཀྱང་ཡིན་ལ། མི་དམངས་ཀྱི་མངགས་བཅོལ་ཡང་ཡིན་པས། འདིར་ངས་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ཡོངས་ཀྱི་ཚབ་ཞུས་ཏེ་འཐུས་མི་རྣམ་པའི་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདས་པའི་ལོ་ལྔའི་ནང་དུ། རང་ཁུལ་སྤྱིར་བཏང་མིན་པའི་འབད་འཐབ་ལོ་རྒྱུས་ཀྱི་ལམ་བུའི་ཐོག་ཏུ་བསྐྱོད་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ལི་ཁང་ཀྲུའུ་རེན་དང་བྱང་ཆུབ་ཀྲུའུ་རེན་གྱི་སྣེ་ཁྲིད་འོག་ཏུ་ཁུལ་དམངས་ཆེན་སྐབས་བཅུ་གཉིས་པ་དང་རྒྱུན་ལས་ཨུ་ལྷན་གྱིས་ཏང་གིས་དམངས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་གཞིར་བཟུང་བ་དང་། ཁྱོན་ཡོངས་ལ་ཁྱབ་པའི་སྒོ་ནས“ལས་ཁུངས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་བཏང་། ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་གཞོགས་འདེགས་བྱས་ནས་ཕན་འབྲས་ཐོབ་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་རེ་སྒུག་བྱེད་ས་གཙོ་གནད་དུ་འཛིན་པ་བཅས་བྱས། གོ་སྐབས་འདི་དང་བསྟུན་ནས་ང་ཚོས་སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲས་མགོ་ཁྲིད་ལི་ཁང་དང་བྱང་ཆུབ། དེ་བཞིན་ཁུལ་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་ཁུལ་མི་དམངས་ཆེན་སྐབས་བཅུ་གཉིས་པའི་འཐུས་མི་བཅས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

ཀུན་དགའ་དང་ཡེ་ཤེས་ཀྱིས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:མཚོ་སྔོན་ས་ཡོམ་གྱིས་ས་འདི་འདྲ་གས་འཐོར་བཏང་འདུག།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10