དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།

ཀུན་དགའ་དང་ཡེ་ཤེས་ཀྱིས་བྲིས།        2022-01-07

ཧྲེན་དབྱང་ཚོགས་ཆེན་ནང་ཞུགས། ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས། ཧྲུའུ་ཏ་ཁྲུན་གྱིས་མགོ་ཚུགས་ཚོགས་ཆེན་གཙོ་འགན་བཞེས་ཤིང་ཚོགས་ཆེན་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།
པར་འདི་ནི་དམངས་ཆེན་ཚོགས་ཆེན་གྱི་ཚོགས་ར་རེད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།
ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་བཞིན་པ།

      སྤྱི་ཟླ་དང་པོའི་ཚེས6ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོའི་ཟློས་གར་ཁང་དུ་འཚོག་མགོ་བཙུགས་པ་རེད།

ཕྱི་དྲོའི་ཆུ་ཚོད4པའི་ཐོག། ཧྲུའུ་ཏ་ཁྲུན་གྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོག་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག།ཚོགས་ཞུགས་བ་ཡོངས་རྫོགས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།

ཚོགས་འདུར་ཞུགས་དགོས་པའི་འཐུས་མི288ཡིན་ཞིང་། དངོས་སུ་ཞུགས་པའི་འཐུས་མི274ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

མགོ་ཚུགས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྲེན་དབྱང་དང་ཧྲུའུ་ཏ་ཁྲུན། དབྱང་ཧའོ་ཐའོ། ཧོ་པིའོ། བློ་བཟང་ཆོས་འཕེལ། རིན་ཆེན། ཝང་ཆང་། ལའོ་ལིན། སྲུང་ཞའོ་ཅུན། ཀྲེན་ཞན་ཧྥུང་། ཝང་ཏུང་ཧྲན། ཏུང་ཏུ་ཧུང་། ཀྲང་ཅ་ཀྲིའུ། དགེ་ལེགས་རྡོ་རྗེ། གཡུང་དྲུང་ཚེ་རིང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཚོགས་ཆེན་ཐོག་ལ་ཁུལ་མི་དམངས་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་སྲིད་གཞུང་ལས་དོན་སྙན་སེང་ཞུས་ཤིང་། ཁུལ་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་གྱི་ཀྲུའུ་རེན་ཀྲུའུ་ཧྲི་ཝུའུ་ཡིས་དཀར་མཛེས་ཁུལ2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2022ལོའི་འཆར་གཞིའི་འཆར་ཟིན(ཡིག་ཐོག)སྙན་སེང་ཞུས།ཁུལ་ནོར་སྲིད་ཅུས་ཀྱི་ཅུས་ཀྲང་ཝན་ཅན་ཀའོ་ཡིས་དཀར་མཛེས་ཁུལ2021ལོའི་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2022ལོའི་ནོར་སྲིད་ཀྱི་སྔོན་རྩིས་འཆར་ཟིན(ཡིག་ཐོག)གྱི་སྙན་སེང་ཞུས།ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཁྲེང་ཁང་གིས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གིས་བཟོས་པའི་གཏན་འབེབས་འཆར་ཟིན(ཡིག་ཐོག)གསལ་བཤད་བྱས་ཡོད།

སྤྲོ་སེམས་འཕེལ་བའི་ཐལ་སྒྲའི་ཁྲོད་དུ། ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས་པ་རེད། སྙན་སེང་ནང་བསྟན་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་ཨུ་དང་།ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དང་ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག། ཁུལ་ཨུའི་སྤྱི་ཡོངས་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་བྱ་གཞག་ཁག་སྐུལ་འདེད་བཏང་སྟེ་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་ང་ཚོས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་དུས་བདེ་འཛུགས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ལོ་ལྔའི་རིང་ང་ཚོས་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཕྱོགས་བསྡུས་སྟོབས་ཤུགས་ལོ་རྒྱུས་རང་བཞིན་གྱི་ཆེ་རུ་ཕྱིན་ཡོད། ལོ་ལྔའི་རིང་ང་ཚོས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བཏང་བས་སྐྱེ་ཁམས་ཁོར་ཡུག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ལོ་ལྔའི་རིང་ང་ཚོས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་ནས་འབྱོར་འབྲིང་ཡོང་བར་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད། ལོ་ལྔའི་རིང་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་པ་དང་།“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་བཏང་ཞིང་།“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བཅས་སྤེལ་ཏེ།“འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་བ་དང་།“གདེང་ཚོད་བཞི”བརྟན་པོ་བཏང་ཞིང་།“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུས་པ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་སྲིད་གཞུང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། སྲིད་གཞུང་གི་ལས་ཕྱོད་ཕན་འབྲས་ཆེ་རུ་མགྱོགས་སུ་བཏང་བ་དང་།“གློད་སྡོམ་ཞབས་”གསུམ་གྱི་བསྒྱུར་བཅོས་མུ་མཐུད་དེ་གཏིང་ཟབ་ཏུ་བཏང་ཞིང་།“དྲྭ་གཅིག་མཉམ་སྒྲུབ”ཀྱི་སྔོན་འགྲོའི་ཆ་རྐྱེན་འོག“ཆེས་མང་ཡང་ཐེངས་གཅིག་རྒྱུག་པ”ཡི་བསྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།

སྙན་སེང་ནང་ནན་བཤད་བྱས་དོན། འདས་མ་ཐག་པའི2021ལོར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་ཡག་པོ་འཛུགས་པར་སྐུལ་འདེད་བཏང་ཞིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རིམས་ཚུལ་འགོག་ཟོན་གྱི་ལས་དོན་བཅས་ལ་གཅིག་གྱུར་ཀྱིས་འཆར་འགོད་དམ་འཛིན་ཡག་པོ་བྱས་ཏེ།“བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཡོད། བརྟན་ལྷིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་སོགས་གཙོ་གནད་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ7.5འཕར་བ་དང་།བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ6ལ་ཟིན་ཞིང་། གཞི་ཁྱོན་ཅན་ཡན་གྱི་བཟོ་ལས་འཕར་ཐང་བརྒྱ་ཆ5.5ཡིན་པ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བརྒྱ་ཆ8འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར་བརྒྱ་ཆ10འཕར་བ་དང་། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ13.9འཕར་བ། གྲོང་ཡུལ་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་བརྒྱ་ཆ8དང་བརྒྱ་ཆ10འཕར་ཡོད།

སྙན་སེང་ནང་བསྟན་དོན། ཕྱིན་ཆད་ལོ་ལྔའི་ནང་སྲིད་གཞུང་ལས་དོན་གྱི་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར700ལས་བརྒལ་རྒྱུ་དང་། ལོ་རེར་ཆ་སྙོམས་བརྒྱ་ཆ7འཕར་རྒྱུ། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར150ལ་ཟིན་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ10འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རིམ་རྩིས་བྱས་ན་སྒོར་དུང་ཕྱུར3000ལེགས་སུ་གྲུབ་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ7འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར་སྒོར་དུང་ཕྱུར193.5ལ་ཟིན་ནས་ལོ་རེར་ཆ་སྙོམས་སུ་བརྒྱ་ཆ9འཕར་རྒྱུ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར62ལ་ཟིན་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ7འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར58000ལ་ཟིན་ནས་ལོ་རེར་ཆ་སྙོམས་བརྒྱ་ཆ8འཕར་བ། གྲོང་སྡེ་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར24800ལ་ཟིན་པ་དང་།ལོ་རེར་ཆ་སྙོམས་བརྒྱ་ཆ10འཕར་བ།དཔལ་འབྱོར་གྱི་དངོས་ཤུགས་སྔར་བས་ཆེ་ཞིང་། སྐྱེ་ཁམས་ཁོར་ཡུག་སྔར་བས་མཛེས་པ། སྤྱི་ཚོགས་བཅོས་སྐྱོང་སྔར་བས་ཕན་འབྲས་ཆེ་བ། མི་དམངས་ཀྱི་འཚོ་བ་སྔར་བས་ལེགས་པ། བསམ་པའི་དཔལ་ཡོན་སྔར་བས་ཕྱུག་པ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་བ་ཡོང་བ་བྱ་རྒྱུ་དེ་རེད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།

སྙན་སེང་ནན་བཤད་བྱས་དོན། སླད་ཕྱིན་ལོ་ལྔའི་ནང་སྲིད་གཞུང་གི་ལས་དོན་གྱི་ལས་འགན་གཙོ་བོ་བསྒྲུབ་རྒྱུ་གཅིག་ནི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་དགོས། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་རྒྱུ་དེ་ལས་ཀ་ཐམས་ཅད་ཀྱི་དམིགས་ས་དང་ཤུགས་རྒྱག་ས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་ཅིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བ་གཞི་སྟེགས་སུ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་བའི་ལག་ལེན་བྱ་སྤྱོད་སྤེལ་བ་དང་། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་ཞིང་། མི་རིགས་ཁག་གིས་མཉམ་སྤྱོད་བྱེད་པའི་ཀྲུང་ཧྭའི་རིག་གནས་ཀྱི་མཚོན་རྟགས་དང་གཟུགས་བརྙན་བཞེངས་པ་ མངོན་གསལ་དོད་པོ་ཡོང་བ་བྱེད་པ། གཉིས་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་གསར་པ་རྒྱུན་མི་ཆད་པར་འཐོབ་པ་བྱ་དགོས། ཁྲིམས་ལྟར་བཅོས་སྐྱོང་དང་རྟག་ཏུ་རྨང་གཞི་བརྟན་གཏོང་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་ལས་དོན་མཐའ་དག་ཁྲིམས་སྐྱོང་གི་སྲོལ་ལམ་དུ་འཛུད་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དང་། ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་རྒྱུན་རྣམ་དུ་སྐུལ་འདེད་གཏོང་བ་དང“བཅོས་སྒྲིག་བཞི”གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་སྲུང་སྐྱོང་ཏན་ཏིག་བྱ་དགོས། གསུམ་ནི་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏང་དགོས། “དོན་སྙིང་ཡོད་པ་གསུམ་དང་ཕན་པ་ཡོད་པ་གཅིག”གི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་ཐུན་མོང་ཐོག་ཕྱུག་འབྱོར་ཡོང་བར་སྐུལ་འདེད་གཏོང་བའི་ཟུང་འབྲེལ་བྱེད་ས་གནད་འཁེལ་འཚོལ་རྒྱུ་དང་། མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོར་དམིགས་པ་དང་། འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ལ་ཕྱོགས་ཤིང་། རང་སྤུས་ཀྱི་ཆ་རྐྱེན་དང་བསྡུར་གཞི་ཡོད་པའི་བཟང་ཆས་འཇུག་སྒོར་བྱེད་པ་དང་། གྲུབ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་གྱིས་འདེགས་སྐྱོར་བྱེད་པ། ལམ་ལུགས་ཀྱི་ནང་སྲོལ་དང་སྲིད་ཇུས་གང་ལེགས་སྤྱད་རྒྱུས་ཡིས་འགན་སྲུང་བྱེད་པ་བཅས་ཀྱི་སྒོ་ནས་ འཕེལ་རྒྱས་ལེགས་ཤིང་མགྱོགས་པ་ཡོང་བ་བྱ་དགོས། གཅིག་གྱུར་སྒོ་འབྱེད་དྲང་གཞག་བཅས་ཀྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་བྱས་ནས་འཕེལ་རྒྱས་ཀྱི་གནས་བབ་གསར་པར་འདྲེས་པར་བྱ་དགོས། བཞི་ནི་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱ་དགོས། དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུར་འགྲིལ་བ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་ས་བྱ་རྒྱུ་མཐའ་འཁྱོངས་དང་།ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་དམིགས་འབེན་ལ་དམིགས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་ཁྱོན་ཡོངས་ནས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཞིང་།“མི་ལེན་པ་བཞི་”ཡི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། གཞི་ཁྱོན་ལྡན་པའི་དབུལ་ལོ་བསྐྱར་དུ་མི་ལོག་པའི་མཐིལ་ཚད་སྲུང་འཛིན་མཐའ་གཅིག་ཏུ་བྱ་དགོས། ཡུལ་སྡེ་བསྒྱུར་བཅོས་ཁག་གཉིས་ཀྱི་རྗེས་སྐྱོང་ལས་དོན་ཡག་པོ་སྒྲུབ་པ་དང་། ཡུལ་སྡེ་འཛུགས་སྐྲུན་བྱ་སྤྱོད་གཏིང་ཟབ་སྤེལ་བ། ལོ་ལྟར་ཡུལ་སྡེ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ100གསར་འཛུགས་བྱ་རྒྱུ་དང་། ལོ་ལྔའི་ནང་སྤུས་ལེགས་གྲོང་ཚོ100བསྐྲུན་དགོས། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་བྱ་རྒྱུས་ནང་དོན་གཙོ་བོ་བྱེད་པའི“སྡོད་འཚམ་པའི་ལས་གྲྭ”ལག་བསྟར་བྱ་དགོས། རེས་སྐོར་གསར་པའི་འགྲིམ་འགྲུལ་འགག་སྒྲོལ་ལག་བསྟར་བྱེད་མགོ་བཙུགས་ནས“འཕྲེད་ལྔ་གཞུང་ལྔའི”རྒྱལ་ཁབ་དང་ཞིང་ཆེན་གྱི་འགྲིམ་འགྲུལ་མ་ལམ་དང“ལྕགས་ལམ་གཉིས་དང་མྱུར་བགྲོད་གཞུང་ལམ་ལྔ། མཁའ་ལམ་བཞིའི”ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་བསྐྲུན་དགོས། ལྔ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏང་དགོས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི་རྩ་དོན་མཐའ་འཁྱོངས་བྱས་ནས“ཁྱམས་རྒྱུད་གསུམ་དང་། ཁུལ་གསུམ། གནས་མང་བའི”སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་ཧུར་ཐག་བསྐྲུན་ཏེ། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། གཏན་འཇགས་ཀྱི་གཞི་རྩའི་ཞིང་ས། གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་བཅས་ཀྱི་ཚོད་འཛིན་མཚམས་ཐིག་བསྲུང་དགོས། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་བཅོས་སྒྲིག་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། ཐཱན་བསྡུ་ནུས་པ་འཛུགས་སྐྱོང་ལ་ཤུགས་ བརྒྱབ་སྟེ་ཐཱན་བསྡུ་ཚད་རྒྱུན་མཐུད་ངང་འཕར་བ་དང་ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་དམིགས་འབེན་མངོན་འགྱུར་ཡོང་བའི་ཐད་དཀར་མཛེས་ཁུལ་གྱི་བྱས་རྗེས་འབུལ་དགོས།

སྙན་སེང་ནང་བསྟན་དོན། ད་ལོ་ནི་མཐུན་སྒྲིལ་འབྱོར་ཕྱུག་དང་ཞི་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་བཙུགས་པའི་ལོ་ཞིག་དང་།“ལོ་ལྔའི་འཆར་འགོད་བཅུ་བཞི་པ” ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད། ད་ལོའི་སྲིད་གཞུང་གི་ལས་དོན་ཡག་པོར་བསྒྲུབ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་ཅིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཤིང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་།ཀྲུང་དབྱང་གི་མི་རིགས་ལས་དོན་གྲོས་ཚོགས།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ།ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་བཅས་ཀྱི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། དེ་བཞིན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་སོགས་ཀྱི་གྲོས་ཚོགས་རབ་དང་རིམ་པའི་སྙིང་དོན། ཁུལ་ཨུའི“གཅིག་གཉིས་གསུམ་བཞི་ལྔ་”ཡི་སྤྱིའི་ལས་ཀའི་བཀོད་སྒྲིག་ལྟར། འཕེལ་རྒྱས་ཡོད་ཚད་ལ་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དོན་སྙིང་ཡོད་པ་དང་། གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ཡོད་དགོས་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུར་སྒྲིལ་བའི་དོན་སྙིང་ཡོད་དགོས་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སེམས་བཅས་ཇེ་དྲག་ཡོང་བར་ཕན་ཐོགས་ཡོད་དགོས་པ་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་།དཀའ་སྤྱད་སྙིང་རུས་དང་དཔར་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། སྲིད་གཞུང་གི་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།

སྙན་སེང་ནང་བསྟན་དོན། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབད་འཐབ་དམིགས་འབེན་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ7.5འཕར་བ་བྱ་རྒྱུ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་བརྒྱ་ཆ9འཕར་བ། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བརྒྱ་ཆ8འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བྱེད་གྲངས་བསྡོམས་འབོར་བརྒྱ་ཆ8.5འཕར་བ། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ8.5འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་བརྒྱ་ཆ8.5འཕར་བ། གྲོང་སྡེ་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ10འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་འགོད་ལས་ཀ་ཤོར་ཚད་བརྒྱ་ཆ4.2ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གཞིས་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ3.5ཡས་མས་སུ་ཚོད་འཛིན་བྱ་དགོས།

སྙན་སེང་ནང་ནན་བཤད་བྱས་དོན། ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་རྒྱུན་འཁྱོངས་བྱས་ཏེ་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏང་དགོས། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏང་དགོས། ཁྱད་ཆོས་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེན་གཏང་དགོས། ནུས་ཁུངས་གཙང་མ་འཕེལ་རྒྱས་མགྱོགས་སུ་གཏང་དགོས། ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་འཛུགས་སྐྲུན་དང་།ནུས་ཁུངས་གཙང་མ་གསར་སྤེལ་དང་གློག་དྲྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར200ཡན་གཏང་རྒྱུ། ཆུ་གཉིས་ཁ་དང་སོ་བ་ལུང་ཆུ་ཤུགས་གློག་ཁང་། འོད་ཤུགས་དངོས་དཔང་རྟེན་གཞི་འཛུགས་ཐུབ་པ་དང་། ཞོལ་ལུང་ཆུ་ཤུགས་གློག་ཁང་དང་སྟོང་ཝ་ཁྲི180ཡི་ཆུ་འོད་གསབ་རེས་ལས་གཞི་སྐྲུན་མགོ་ཚུགས་པ་དང་། སྨད་རྟིང་ལུང་དང་གཡས་པ་ཐང་སོགས་ཆུ་ཤུགས་གློག་ཁང7མགྱོགས་སུ་སྐྲུན་པ་དང་། རྟའུ་ཡི་ཆུ་འཐེན་ནུས་གསོག་དང་། ཉ་དཀོན་གྱི་རིམ་པ་དང་པོ་དང་གཉིས་པ། གནས་མགོ། སྐམ་ཐོག་སོགས་ཆུ་གློག་ལས་གཞི11གི་དུས་མགོའི་ལས་དོན་ལ་སྐུལ་འདེད་གཏོང་ཞིང་། ཉག་ཆུའི་ཧུང་ཞིང་གནས་ཡུལ་སོགས་ཆུ་རླུང་འོད་ཀྱི་ལས་གཞི་ཁག་གཅིག་གྲབས་གསོག་བྱེད་པ་དང་། ནུས་ཁུངས་གཙང་མ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ཁྲི200གསར་འཕར་ཡོང་བ་བྱ་དགོས།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རི་སྔོ་ཆུ་གཙང་བརྟན་པོར་བསྲུང་དགོས། ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་ལས་ཀའི་ཇུས་གཞི་བཟོས་ནས་ལག་བསྟར་བྱེད་པ་དང་།ཐཱན་སྐྱུང་དང་ཐཱན་སྒྱུར། ཐཱན་བརྟན་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ཐཱན་བསྡུ་ནུས་པ་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་གི་ལོ་ལྔའི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ས་སྔོ་འགྱུར་དཀར་མཛེས་ཁུལ་གྱི་བྱ་སྤྱོད་རྒྱ་ཁྱབ་ངང་སྤེལ་བ་དང་། མི་ཐབས་ལ་བརྟེན་ནས་ནགས་བཟོ་བ་དང་།ནགས་ཚལ་གསོ་སྐྱོང་།ཞན་འགྱུར་ནགས་ཚལ་མུའུ་ཁྲི39.3སླར་གསོ་བཅས་བྱ་དགོས། རི་ཆུ་ནགས་གསུམ་དང་ཞིང་མཚེའུ་རྩྭ་བྱེ། འཁྱག་ཀླུང་བཅས་རྒྱུད་རིམ་ལྡན་པས་བཅོས་སྐྱོང་བྱེད་པའི་མ་ལག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་།“ཞན་འགྱུར་གསུམ”གྱི་རྒྱ་ཁྱོན་མུའུ་ཁྲི98བཅོས་སྐྱོང་བྱ་ཁུལ་དང་། རྫོང་།ཡུལ་ཤོག་བཅས་རིམ་པ་གསུམ་གྱི་རྒྱལ་སའི་བར་ཁོངས་འཆར་འགོད་མ་ལག་བཙུགས་ནས“སྲུང་ཡོལ་གསུམ་དང་། ཁྱམས་ལམ་གསུམ་སྲུང་སྐྱོང་དང་། ཁུལ་གཅིག་གནད་གསུམ་འབྲེལ་ཚུགས་མང་པོ་འཛུགས་སྐྲུན”བཅས་ཀྱི་རྒྱལ་སའི་བར་ཁོངས་ཀྱི་བཀོད་བབ་ཅིག་བསྐྲུན་དགོས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།

སྙན་སེང་ནང་ནན་བཤད་བྱས་དོན། འགྲིམ་འགྲུལ་སྔོན་ལ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་བསྡུས་འགྲིམ་འགྲུལ་འདུ་འགག་བསྐྲུན་ནས་ཁུལ་དུ་ཡོང་སའི་ལམ་བུ་ཕྱོགས་མང་བསྐྲུན་དགོས། ཤར་རྒྱུད་མཉམ་འདྲེས་དང་ནུབ་རྒྱུད་འབྲེལ་མཐུད། ལྷོ་རྒྱུད་རྒྱ་སྐྱེད།བྱང་རྒྱུད་སྣུར་སྲིང་བཅས་ཀྱི་འཐབ་ཇུས་ལ་དམིགས་ཏེ། འགྲིམ་འགྲུལ་འགག་སྒྲོལ་ཆེན་པོ་རེས་གསར་པ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།“འཕྲེད་ལྔ་གཞུང་ལྔའི”རྒྱལ་ཁབ་དང་ཞིང་ཆེན་གྱི་འགྲིམ་འགྲུལ་མ་ལམ་དང“ལྕགས་ལམ་གཉིས་དང་མྱུར་བགྲོད་གཞུང་ལམ་ལྔ།མཁའ་ལམ་བཞིའི”ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཆགས་པར་བྱས་ཏེ། འགྲིམ་འགྲུལ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར100ཡན་འཇོག་ཐུབ་པ་བྱ་དགོས། གནམ་གྲུ་འབབ་ཐང་བཞི་པ་དང་འབའ་ཐང་དང་ལི་ཐང་སོགས་ཀུན་སྤྱོད་གནམ་ཐང་གི་སྔོན་འགྲོའི་ལས་དོན་མགྱོགས་སུ་སྤེལ་དགོས།

སྙན་སེང་ནང་ནན་བཤད་བྱས་དོན། ཡུལ་སྡེ་དར་རྒྱས་གཏང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག་ཕྱུག་འབྱོར་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏང་དགོས། ལོ་ལྔའི་རིང་གི་བར་བརྒལ་དུས་སྐབས་ཀྱི“མི་ལེན་པ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་པོར་བྱས་ཏེ་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་པ་དང་།གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐིལ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱ་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཡུལ་སྡེ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་སྲིད་ཇུས་དང་ཁ་གཏད་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་། ཁེ་ལས་ཀྱིས་མཉམ་ལས་བྱ་རྒྱུ་ཡིས་གཞི་སྟེགས་བྱེད་པའི་རོགས་སྐྱོར་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བཅས་བྱ་དགོས། དབུལ་ཕོངས་བསྐྱར་ལོག་མི་ཡོང་བར་བྱེད་པའི་འགྱུར་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ནང་སྲོལ་དོན་ཐོག་འཁྱོལ་བ་དང་། ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་ཁྱིམ་ཚང་མེད་པར་བཟོ་དགོས། འགྱུར་ཚུལ་ལྡན་པའི་སྒོ་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས24300གསར་སྤེལ་བྱས་ནས་དབུལ་ཐར་མི་འབོར་ལས་གནས་བརྟན་པོའི་ངང་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏང་དགོས། རིག་སྟོབས་འཕེལ་བའི་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་།དམངས་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ།“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།།སེམས་པ་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་སྐྲུན”ཞེས་པའི་དྲང་ནུས་ཆེན་པོ་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱ་དགོས། ཡུལ་སྡེ་འཛུགས་སྐྲུན་གྱི་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། རྫོང་ཁོངས་སྡེ་ཁུལ་གྱིས་ཚན་པ་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ཡུལ་སྡེའི་རྒྱལ་སའི་བར་ཁོངས་འཆར་འགོད་བཟོ་བ་དང་། ཡུལ་སྡེའི་བསྒྱུར་བཅོས་ཁག་གཉིས་ཀྱི“རྗེས་སྐྱོང”ལས་དོན་ལ་དམ་འཛིན་ཏན་ཏིག་བྱ་དགོས། “གཙོ་གཅིག་ཟུར་གཉིས་གནད་གསུམ་གནས་མང་བ”བཅས་ཀྱི་གྲོང་ཡུལ་གྱི་བར་ཁོངས་ཆགས་སྟངས་གང་མགྱོགས་འཛུགས་དགོས། གྲོང་ཁྱེར་རོལ་མྱོང་གི་ཚོད་ལྟའི་ལས་དོན་སྤེལ་ནས་གྲོང་ཁྱེར་གསར་སྒྱུར་དང་།ཨར་སྐྲུན་ཁྱབ་ཁོངས་སུ་ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི“བྱ་སྤྱོད་གཉིས”ལ་སྐུལ་འདེད་ཤུགས་ཆེན་གཏོང་ཞིང་། སོལ་རླངས་དང་དྲོད་རླངས། གསོ་རླུང་བཅས་མཁོ་འདོན་བྱ་རྒྱུ་ནང་དོན་གཙོ་བོར་བྱེད་པའི“སྡོད་འཚམ་པའི་ལས་གྲྭ”ལག་ལེན་བསྟར་མགོ་ཚུགས་པ་དང་།གཞིས་ཁུལ་རྙིང་པའི་དུད་ཚང1800ཡན་ལ་སྒྱུར་བཀོད་བྱ་དགོས། སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་བྱས་ཏེ། རྨང་གཞིའི་སློབ་གསོ་བཀོད་སྒྲིག་བྱེད་ཚུལ་ལེགས་སུ་གཏོང་བ། སློབ་གསོའི་སྤུས་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། སློབ་སྔོན་སློབ་གསོ་ཁྱབ་གདལ་ཀུན་ལ་ཕན་པ་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ཡིན་པ། མཐོ་རིམ་སློབ་འབྲིང་དཀྱུས་མ་ཁྱད་ཆོས་སྣ་མང་ཅན། ལས་རིགས་སློབ་གསོ་ཐོན་སློབ་གསོ་མཉམ་འདྲེས་ཡོང་བ། དམིགས་བསལ་སློབ་གསོ་སྐྱོན་བྲལ་དང་གོ་རིམ་ལྡན་པ་བཅས་ཡོང་བར་སྐུལ་སྤེལ་གང་མགྱོགས་གཏང་དགོས། བསམ་བློ་ཆབ་སྲིད་སློབ་གསོར་ཤུགས་བརྒྱབ་ནས་སློབ་གསོ་ཆ་འཕྲིན་ཅན་གྱི་ཐོན་ཁུངས་སྤུས་དག་བེད་སྤྱོད་ཡག་པོ་བྱས་ནས་དགེ་རྒན་གྱི“རྐང་འཛིན་འཆར་གཞི”ལག་བསྟར་བྱ་དགོས། ལས་རིགས་ཀྱི་རྩལ་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་དངོས་སུ་བྱེད་པ་དང་། གྲོང་རྡལ་གྱི་མི7000གསར་དུ་ལས་ཞུགས་ཐུབ་པ་དང་། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཁྲི1.5ཡན་ལས་ཞུགས་གཞན་སྒྱུར་བྱ་དགོས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།

སྙན་སེང་ནང་ནན་བཤད་བྱས་དོན། ཁྲིམས་ལྟར་ཁུལ་སྐྱོང་བ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་དགོས། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གསར་འཛུགས་དངོས་སུ་བྱེད་ཅིང་།“བཅོས་སྐྱོང་ལྔ་དང་གསར་གཏོད་ལྔ་ལེགས་འགྱུར་ལྔ”ཡི་ལས་གྲྭ་ལག་ལེན་བསྟར་མགོ་ཚུགས་ཤིང་། ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་རྒྱུན་རྣམ་ངང་སྐུལ་འདེད་གཏོང་བ་དང་།“བཅོས་སྐྱོང་བཞི”གཏིང་ཟབ་ཏུ་གཏོང་ཞིང་།“མེད་པ་ལྔའི”གྲུབ་འབྲས་སྲ་བརྟན་དང་ཆེ་རུ་གཏོང་བ་བཅས་བྱ་དགོས། “ལོ་ལྔའི་ཁྲིམས་ལུགས་ཁྱབ་གདལ་གཏོང་ཐེངས་བརྒྱད་པ” གཏིང་ཟབ་ཏུ་སྤེལ་བ་དང་། བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏང་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་ཅིང་། ཐོག་མཐའ་བར་གསུམ་དུ“དོན་སྙིང་ཡོད་དགོས་པ་གསུམ་དང་ཕན་པ་གཅིག”བླང་བྱ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་རྒྱབ་སྐྱོར་སྲིད་ཇུས་རེ་རེ་དང་།འཛུགས་སྐྲུན་གྱི་ལས་གཞི་རེ་རེ། མ་དངུལ་གྱི་ཡོང་ཁུངས་རེ་རེ། རོགས་སྐྱོར་བྱ་ཐབས་རེ་རེ་བཅས་ཚང་མའི་ཁྲོད་ནས་ཏང་གི་ཐུགས་ཁུར་དང་དྲོ་སྐྱིད་ཟབ་མོ་ཚོར་ཐུབ་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱ་དགོས།

སྙན་སེང་ནང་ནན་བཤད་བྱས་དོན། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཁྱོན་ཡོངས་ནས་ངར་སློང་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་མ་རྩ་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་ཟབ་སྤེལ་དང་། རྒྱལ་ཁབ་ལ་དབང་བའི་ཁེ་ལས་བསྒྱུར་བཅོས་བྱེད་པའི་ལོ་གསུམ་གྱི་བྱ་སྤྱོད་ལས་འགན་ལེགས་འགྲུབ་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཕྱོགས་བསྡུས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས། ཞིང་ལས་དང་ཞིང་སྡེ་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ། གྲོང་ཡུལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྣོན་འཕྲི་ཟུང་འབྲེལ་གྱི་འཁོར་རྒྱུག་ལས་འགན་མུའུ9529ལེགས་གྲུབ་འབྱུང་བ་བྱ་དགོས། གསར་གཏོད་ཀྱིས་སྒུལ་ཤུགས་བྱ་རྒྱུ་ལག་ལེན་བསྟར་ཞིང་། ཐོན་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི2བསྐྲུན་རྒྱུ་དང་། ཞིང་ཆེན་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ2འཛུགས་རྒྱུ།ཁུལ་རིམ་པའི་ཚན་རྩལ་ཅན་གྱི་ཁེ་ལས10གསོ་སྐྱོང་བྱེད་པ་བཅས་བྱ་དགོས། “ཕྱོགས་བཞིའི་རྒྱ་སྐྱེད་དང་ས་ཁོངས་ཡོངས་སྒོ་འབྱེད་པའི”འཐབ་ཇུས་དོན་འཁྱོལ་བྱས་ནས། ཤར་རྒྱུད་ཁྲེང་ཏུའུ་དང་ཁྲུང་ཆིང་ལ་ཕྱོགས་ཤིང་མ་སྐུལ་དང་ལེན་ངང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་ནང་འདྲེས་ཞུགས་བྱེད་ཅིང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། ནུབ་རྒྱུད་བོད་ལྗོངས་དང་ལག་གདང་སྦྲེལ་ནས་སྒོ་འབྱེད་ཀྱི་མཐོ་ས་བསྐྲུན་དགོས། གཙོ་གནད་ལས་གཞི་ལ་སྐུལ་འདེད་དང་མ་འཇོག་འཁོར་སྐྱོད་ཀྱི“མིང་ཐོ་དམར་ནག”བརྡ་ཁྱབ་ནང་སྲོལ་ལག་བསྟར་ནན་པོ་བྱས་ནས། ཞིང་ཆེན་དང་ཁུལ་གྱི་གཙོ་གནད་ལས་གཞི220ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར501ལ་ཟིན་རྒྱུའི་བརྩོན་ལེན་བྱ་དགོས།

སྙན་སེང་ནང་ནན་བཤད་བྱས་དོན། རང་ངོས་འཛུགས་སྐྱོང་མཐའ་འཁྱོངས་བྱས་ནས་སྲིད་གཞུང་གི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏང་དགོས། ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཤིང་། རང་རྟོགས་གྱིས“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“གཏན་འཁེལ་གཉིས”ལ་བརྩི་སྲུང་ཞུ་བ། “སྲུང་སྐྱོང་གཉིས”ལག་ལེན་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་།ཆབ་སྲིད།བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་གཅིག་མཐུན་ཚད་མཐོན་པོ་ཡོང་བ་སྲུང་འཛིན་བྱས་ཏེ། ཏང་ལ་བློ་དཀར་སེམས་དཀར་ཁ་ཐོག་ལག“གློད་སྡོམ་ཞབས་གསུམ”ཀྱི་བསྒྱུར་བཅོས་མུ་མཐུད་དེ་གཏིང་ཟབ་ཏུ་གཏོང་བ་དང་།ཁུལ་ཡོངས་སུ་ཁེབས་པའི་དམངས་ཕན་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྲིད་དོན་ཞབས་ཞུའི་བྱ་བ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ་ སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བྱེད་པོའི་འགན་འཁྲི་དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ནས་ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”ཀྱི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཅིང་། དཔེ་མཚོན་བརྟེན་ནས་ཉེན་བརྡ་གཏོང་བ་དང་དཔེ་མཚོན་བརྟེན་ནས་བཅོས་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ་ལམ་ལུགས་ཀྱིས་དབང་ཆ་གཅུན་འདོམས་བྱ་དགོས།

སྙན་སེང་ནང་བསྟན་དོན། བློ་སྟོབས་ཆེར་བསྐྱེད་ཀྱིས་ཕུགས་འདུན་གསར་པ་བསྐྲུན་ཏེ་འབད་འབུངས་ཡར་བརྩོན་གྱི་དུས་སུ་སླེབས་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་འོག། ཕུགས་བསམ་དང་དད་སེམས་སྔར་བས་བརྟན་པོ་དང་། དཔའ་ངར་ཆེན་པོས་འབད་འཐབ་བྱེད་པའི་སྙིང་སྟོབས། དྲིན་གཟོའི་བསམ་པ་ལྷད་མེད་བཅས་ཀྱི་ཐོག་ནས་ལས་བཀུར་ཞིང་ཆེད་ལས་གཉེར་བ་དང་། སྒྲུབ་མཁས་ལ་འགྲུབ་ཐུབ་པ་བཅས་བྱས་ཏེ་མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་སླར་ཡང་བྱས་རྗེས་གསར་པ་བཞག་ནས་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་འབུལ་དགོས་སོ།།

  • ལེ་ཚན་སྔོན་མ།:ངེས་པར་དུ་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ། ༢
  • ལེ་ཚན་རྗེས་མ།:ཁུལ་དམངས་ཆེན་སྐབས13པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10