ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་བསྡུས་པ།(6)

མི་ཉག་ཐུབ་བསྟན་ཆོས་དར།        2015-08-06

ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་བསྡུས་པ།

   དར་མདོ་རྡོ་རྗེ་བྲག་དགོན་པས་ཉར་ཚགས་གནང་ཡོད་པའི་གུ་རུ་མཚམས་བརྒྱད་ཀྱི་ཐང་རྙིང་ཞིག་གི་སྟེང་ན་རྒྱལ་མཚན་རྡོ་རྗེ་དང་ཡུམ་ཆེན་བཀྲ་ཤིས་མཚོ་གཉིས་དང་སྐུ་བརྙན་དང་། ཐོ་བཀོད་འདི་ལྟར་བཞུགས་ཏེ། ༄༅། །གདོད་མའི་འདྲེན་མཆོག་རྒྱལ་བ་ཀུན་བདག་ཉིད་།  །གང་ཞིག་ལྷན་སྐྱེ་གྲུབ་པའི་གཟི་འོད་ཀྱིས།  །སྲིད་པའི་འཇིགས་འཕྲོག་རྣམ་པ་ཐམས་ཅད་མཁྱེན།  །སྐུ་གཅིག་མཚན་བརྒྱད་རྣམ་རོལ་སྒྱུ་འཕྲུལ་སྤྲིན།  །མི་ཟད་བརྒྱན་གྱི་བཀོད་པར་སྐྱབས་གནས་ཀུན།  །གཅིག་འདུས་པདྨ་མཐོང་གྲོལ་འདི་བཞེང་དགེས།།ཡིད་ཅན་སྤྱི་དང་ཚངས་སྲས་ས་ཡི་བདག།རྒྱལ་མཚན་རྡོ་རྗེ་ཉིད་དང་གང་དེའི་ཕྱི།།ཡུམ་ཆེན་བཀྲ་ཤིས་མཚོ་ཟུང་ས་ལམ་གྱིས།  །འགལ་རྐྱེན་སྒྲིབ་གཉིས་བག་ཆགས་དྲུང་ཕྱུང་ནས། །རིག་འཛིན་རྒྱལ་བ་ཉིད་དང་དབྱེར་མེད་ཤོག །གང་ཕྱིར་ནོར་འཛིན་དབང་མོའི་རྣམ་དག་བློའི། རང་གི་འདུ་བྱེད་ངལ་བ་ཁུར་བཟོད་མཐུའི།།བརྒྱུད་འཛིན་རྒྱལ་མཚན་རིན་ཆེན་རྣམ་རྒྱལ་སོགས།  གནས་སྐབས་མཐར་ཐུག་བདེ་ལེགས་ལྷུན་གྲུབ་ཤོག  །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།།  ཞེས་གསུངས་པས། རྒྱལ་མཚན་རྡོ་རྗེ་དང་། དེའི་བརྒྱུད་འཛིན་རྒྱལ་མཚན་རིན་ཆེན་རྣམ་རྒྱལ་གཉིས་ཀྱི་མཚན་གསལ་པོར་བཞུགས་སོ། །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “རྒྱལ་མཚན་རྡོ་རྗེ།(ཏོ་ཀོང་ཁྲི་ལོ་བཞི་པ)སྤྱི་ལོ ༡༨༠༩-༡༨༣༣ ལོ། སྲིད་འཛིན་ལོ་བཅོ་བརྒྱད།” ཅེས་གསུངས་པས། ལོ་ཚིགས་ནོར་འདུག་གོ། །
  《མདོ་མཁྱེན་བརྩེའི་རང་རྣམ》ལས། ལྕགས་ཡོས་སྤྱི་ལོ ༡༨༣༡ ལོར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་དར་མདོར་ཕེབས་ཏེ། ལྕགས་ལའི་མཁན་རྣམ་གཉིས་དང་ས་དབང་ཡབ་སྲས་འཁོར་བཅས་དང་མཇལ་འཕྲད་གནང། ཆོས་འབྲེལ་གསུངས།  དེ་ནས་འོག་གི་ལྕགས་ལ་མི་ཆེན་ཆོས་རྒྱལ་གྱི་རིང་ལ་མདོ་མཁྱེན་བརྩེ་འཁོར་བཅས་དར་མདོར་ཐེངས་མང་ཕེབས་ཤིང་།  ཆོས་སྲིད་གཉིས་ཀྱི་ཕྱོགས་ནས་ལྕགས་ལ་ཞབས་ཕྱི་གནང་། ལྕགས་ལའི་ས་ཆ་ནས་དགོན་པ་དང་རི་ཁྲོད་གསར་འདེབས་དང་། བསྐྱར་བཞེངས་སོགས་མཛད། མཆོད་ཡོན་གྱི་འབྲེལ་བ་བླ་ན་མེད་པར་བྱུང་ཡོད་དོ།།
  11 རྒྱལ་མཚན་རིན་ཆེན་རྣམ་རྒྱལ་ནི། (甲木参龄沁、甲木参龄、汉名;延龄、梦九)  རྒྱ་ཡིག་ལས་བྱུང་བའི་ཁོང་གི་མཚན་དེ།  བྲག་བར་དཔལ་ལྡན་གྱིས་རྒྱལ་མཚན་བདེ་ཆེན་ཞེས་བསྒྱུར་འདུག།    རྒྱ་ཡིག་གི་སྒྲ་དེ་ཐད་ཀར་བསྒྱུར་ན་རྒྱལ་མཚན་ལིང་ཆེན།  ཞེས་པ་ལྟ་བུར་མཆིས།  །དེའི་ཕྱིར་རྒྱ་ཡིག་ལས་བྱུང་པའི་ཁོང་གི་མཚན་དེ་བོད་སྐད་ཀྱི་འགྲོས་དང་ཅུང་ཟད་མི་མཐུན་པ་བྱུང་བས།  དཔྱད་གཞིའི་ཡིག་ཆ་མང་དུ་བཙལ་ཀྱང་གསལ་པོར་མ་རྙེད།  ཉེ་ལམ་དར་མདོ་རྡོ་རྗེ་བྲག་དགོན་པས་ཉར་ཚགས་གནང་ཡོད་པའི་གུ་རུ་མཚམས་བརྒྱད་ཀྱི་ཐང་རྙིང་དེ་མཇལ་བའི་སྐལ་བ་བྱུང་ཞིང་།  ཐང་རྙིང་དེའི་སྟེང་ན་ཁོང་གི་མཚན་རིན་ཆེན་རྣམ་རྒྱལ་དང་ཡབ་ཀྱི་མཚན་རྒྱལ་མཚན་རྡོ་རྗེ་བཅས་གསལ་པོར་བཞུགས་སོ།  །
  དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཏོ་ཀོང་ཁྲི་ལོ་བཅུ་གསུམ་པ།  (道光十三年)   སྤྱི་ལོ ༡༨༣༣ ལོར་རྒྱལ་མཚན་རྡོ་རྗེ་སྐུ་གཤེགས། སྲས་རྒྱལ་མཚན་རིན་ཆེན་གྱིས་སྲིད་བཟུང། ཐུང་ཀྲི་ཁྲི་ལོ་བཅུ་གཉིས་པ། (同治十二年)  སྤྱི་ལོ ༡༨༧༣ ལོར་སྐུ་གཤེགས།  མི་ལོ་བཞི་བཅུའི་རིང་ལ་སྲིད་བཟུང་།27 ཞེས་གསུངས་པས། སྤྱི་ལོ ༡༨༣༣ ལོ་ནས་སྤྱི་ལོ ༡༨༧༣ ལོའི་བར་ཏེ་མི་ལོ་བཞི་བཅུ་སྲིད་བཟུང་བར་བསྟན་ཏོ།  ། གཞན་ཡང་ལོ་རྒྱུས་དེ་དག་ལས། མན་ཇུ་གོང་མས་ཉག་སྐེད་མགོན་པོ་རྣམ་རྒྱལ་མངའ་འོག་ཏུ་བསྡུ་བའི་ཆེད་དུ་དམག་ཐེངས་འགའ་དྲངས། སྐབས་དེ་དག་དུ་ལྕགས་ལ་ལ་བྱས་རྗེས་ཆེན་པོར་ཡོད་པས་གོང་མ་ནས་ལོ་གསུམ་ལ་ཁྲལ་མཇལ་མི་དགོས་པར་བྱས་ཞེས། བཀོད་འདུག་གོ། །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “རྒྱལ་མཚན་བདེ་ཆེན། (ཐུང་ཀྲི་ཁྲི་ལོ་བཅུ་གཉིས་པ)སྤྱི་ལོ ༡༨༣༣-༡༨༧༣ ལོ། སྲིད་འཛིན་ལོ་བཞི་བཅུ།”  ཞེས་གསུངས་པས། རྒྱ་ཡིག་ལས་བྱུང་པའི་རྒྱལ་པོའི་མཚན་དེ་རྒྱལ་མཚན་བདེ་ཆེན་ཞེས་བསྒྱུར་འདུག་གོ། །
  12 རྒྱལ་མཚན་ཆོས་དབང་ནི།(甲木参琼望)དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཐུང་ཀྲི་ཁྲི་ལོ་བཅུ་གཉིས་པ། (同治十二年)སྤྱི་ལོ ༡༨༧༣ ལོར་ཡབ་རྒྱལ་མཚན་རིན་ཆེན་སྐུ་གཤེགས། སྲས་རྒྱལ་མཚན་ཆོས་དབང་གིས་རྒྱལ་སར་བཟུང་། ཀོང་ཞུ་ཁྲི་ལོ་ཉེར་བརྒྱད་པ། (光绪二十八年)སྤྱི་ལོ ༡༩༠༢ ལོར་རྒྱལ་མཚན་ཆོས་དབང་སྐུ་གཤེགས། མི་ལོ་ཉེར་དགུའི་ཡུན་ལ་སྲིད་བཟུང་། དེ་ནས་གཅུང་རྒྱལ་མཚན་ཆོས་འཕེལ་གྱིས་རྒྱལ་ས་བཟུང་།28  ཞེས་གསུངས་པས། །སྤྱི་ལོ ༡༨༧༣ ལོར་ནས་སྤྱི་ལོ ༡༩༠༢ ལོའི་བར་ཏེ་མི་ལོ་ཉེར་དགུ་སྲིད་བཟུང་བར་བསྟན་ཏོ། །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “རྒྱལ་མཚན་མཆོག་འཛིན། (ཆིན་ཀོང་ཞུ་ཁྲི་ལོ་ཉེར་བརྒྱད་པ)  སྤྱི་ལོ ༡༨༧༣ -༡༩༠༢ ལོ། སྲིད་འཛིན་ལོ་ཉེར་དགུ།”  ཞེས་གསུངས་པས། རྒྱ་ཡིག་ལས་བྱུང་པའི་རྒྱལ་པོའི་མཚན་དེ་རྒྱལ་མཚན་མཆོག་འཛིན་ཞེས་བསྒྱུར་འདུག་གོ། །
  13 རྒྱལ་མཚན་ཆོས་འཕེལ་ལམ་འཇིགས་བྲལ་ནི། (甲木参琼珀、汉名;宜斋、敬亭)  དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཀོང་ཞུ་ཁྲི་ལོ་ཉེར་བརྒྱད་པ། (光绪二十八年)སྤྱི་ལོ ༡༩༠༢ ལོར་རྒྱལ་མཚན་ཆོས་དབང་སྐུ་གཤེགས། གཅུང་རྒྱལ་མཚན་ཆོས་འཕེལ་གྱིས་རྒྱལ་རྒྱུད་བཟུང་། ཞན་ཐུང་ཁྲི་ལོ་གསུམ་པ། (宣统三年)  སྤྱི་ལོ ༡༩༡༡ ལོར་དཔོན་ཐོབ་མེད་པར་བྱས། འོན་ཀྱང་གོ་མིན་ཏང་གི་སྐབས་སུ་ལྕགས་ལ་ལ་དབང་ཆ་སྔར་ལྟར་གནས་པ་དང་། དམངས་རྒྱལ་ཁྲི་ལོ་བཅུ་གཅིག་པ། (民国十一年)སྤྱི་ལོ ༡༩༢༢ ལོར་རྒྱལ་མཚན་ཆོས་འཕེལ་བཙོན་དུ་བཅུགས། བཙོན་ནས་སྐྱོབ་སྐབས་བར་ཆད་བྱུང་བས། ཁོང་གཡག་རྭའི་ཆུ་ནང་དུ་ལྕེབས་ཏེ་སྐུ་གཤེགས། སྲིད་འཛིན་ལོ་ཉི་ཤུ། ཁྱོན་སྡོམ་རྒྱལ་རབས་བཅུ་གཉིས་བྱུང་། འདི་ནས་དཔོན་ཐོབ་ཀྱི་རྒྱུན་ཆད།29ཅེས་གསུངས་པས། མི་ལོ་ཉི་ཤུ་སྲིད་བཟུང་བར་བསྟན། འོན་ཀྱང་སྤྱི་ལོ ༡༩༠༢ ལོ་ནས་སྤྱི་ལོ ༡༩༢༢ ལོའི་བར་བརྩིས་ན་སྲིད་ལོ་ཉེར་བཞི་ཡིན་ནོ། །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “རྒྱལ་མཚན་མཆོག་འཕེལ།(ཞོན་ཐུང་ཁྲི་ལོ་གསུམ་པ)(༡༩༡༡) ལྕགས་ལ་རྒྱལ་མཚན་མཆོག་འཕེལ་གྱི་རྒྱལ་སྲིད་ལོ་ཉི་ཤུ་འཛིན། མཐར་དམངས་རྒྱལ་ལོ་བཅུ་གཅིག་པ། སྤྱི་ལོ ༡༩༢༢ ལོར་རྒྱལ་མཚན་མཆོག་འཕེལ་བཙོན་དུ་བཟུང་ནས་བཙུན་མོ་དང་ལྷན་དུ་བཙོན་ར་ནས་བྲོས་པས་ཡ་ལ་ཆུ་འགྲམ་དུ་གཤེགས་སོང་།”   ཞེས་གསུངས་པས།    རྒྱལ་པོ་མཚན་དེ་རྒྱལ་མཚན་མཆོག་འཕེལ་ཞེས་བསྒྱུར་འདུག་གོ། །
  • ལེ་ཚན་སྔོན་མ།:མི་ཉག་མགར་ཐར་གྱི་ས་མིང་བྱུང་ཚུལ་མདོར་ཙམ་བརྗོད་པ།
  • ལེ་ཚན་རྗེས་མ།:མི་ཉག་ལྕགས་ལ་རྒྱལ་པོའི་མཚན་ཐོགས་ཚུལ་ལ་རྒྱལ་ནག་ལྕགས་ལའམ་རྒྱ་ནག་ལྕགས་ལ་གང་ཡིན་དཔྱད་པ།