མི་ཉག་ལྕགས་ལ་རྒྱལ་པོའི་མཚན་ཐོགས་ཚུལ་ལ་རྒྱལ་ནག་ལྕགས་ལའམ་རྒྱ་ནག་ལྕགས་ལ་གང་ཡིན་དཔྱད་པ།

ར་ལི་ཚེ་རིང་དཔལ་འབྱོར།        2015-08-06

༄༅།།བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།།རང་རེ་བོད་ཀྱི་ས་ཆ།ཡུལ་སྡེ།དཔོན་རིགས་སོགས་ཀྱི་མིང་ནི།རྒྱུ་རྐྱེན་སྣ་ཚོགས་པའི་འོག་ཡང་ཡང་འགྱུར་བ་དང་།ནང་ཕན་ཚུན་མི་ནོར་བའི་ཆེད་དུ་རྒྱས་བསྡུས་ཀྱི་འབོད་ཚུལ་གང་མང་དང་།ད་དུང་རང་རང་གི་ཉེ་འཁོར་པས་རང་མིང་དང་།དུད་མིང་ཙམ་གྱིས་འབོད་པ་དང་།ཡང་མི་སྡེ་དང་ས་ཕྱོགས་གཞན་གྱིས་འབོད་ཚུལ་ལ།ཡུལ་ཕྱོགས་ཀྱིས་བཏགས་པ་དང།རུས་དང་།སྡེ་བ།གོ་ས་སོགས་བཏགས་ལུགས་སྣ་ཚོགས་ཡོད་ཚུལ་ཤེས་པ་གཞིར་བཞག  རྒྱུ་མཚན་འདིས་མི་ཉག་ལྕགས་ལ་རྒྱལ་པོ་ལའང་མི་ཉག་གི་ཡུལ་འདིར་གཙོ་ཆེར་ལྕགས་ལ་རྒྱལ་པོ་ཞེས་འབོད།
  ཡིན་ཡང་ཡུལ་གྲུ་གཞན་དུ་རྒྱལ་ནག་ལྕགས་ལ་ཞེས་ཀྱང་བརྗོད་སྲིད་མོད།  ལོ་རྒྱུས་ཁ་ཅིག་ན་རྒྱལ་ཞེས་པའི་རྗེས་འཇུག་གི་ལ་བླངས་ཏེ།  རྒྱ་ནག་ལྕགས་ལ་ཞེས་བྲིས་པ་དང་།མིང་དོན་ཡང་ལོག་འགྲེལ་བྱས།  དེ་དག་གི་རྗེས་སུ་འབྲང་བའམ།  ཡང་ན་གྲོང་སྐད་ལ་རྒྱལ་ནག་ལྕགས་ལ་རྒྱལ་པོ་ཞེས་འབོད་སྐབས།  ལ་སྒྲ་མི་མངོན་པ་ལ་བརྟེན།  རྒྱ་ནག་ལྕགས་ལ་རྒྱལ་པོ་ཞེས་དུས་དེབ་ཅིག་ཏུའང་བྲིས་མོད།  དེ་ནི་དོན་དངོས་ཀྱི་རྒྱུ་མཚན་མི་འཚོལ་བར།  གཡམ་བརྒྱུགས་བྱས་པ་ཡིན།དེ་ཡང་ལྕགས་ལ་རྒྱལ་པོ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་གསེས་ཤིག་ཡིན་པ་ལོ་རྒྱུས་དུ་མར་བཤད།ཁོང་གི་རྒྱལ་ས་ཤར་མི་ཉག་དར་རྩེ་མདོ་རུ་ཆགས།  ངས་བཤད་འདོད་པ་ནི་ཁོང་གི་མཚན་ཐོགས་ཚུལ་དེ་ཡིན།  ཁོང་ལ་རྒྱལ་ནག་ལྕགས་ལ་ཞེས་འདོགས་དོན་འདི་ལ་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་རྒྱུ་དང་།  ལོ་རྒྱུས་རིག་པའི་བབ་བསྟུན་གོ་བ་ལེན་ཚུལ་ཞིག་ཞུ་བ་ཡིན་ལགས།
  ༈འབྲེལ་ཡོད་ལོ་རྒྱུས་ཤེས་དགོས་པ་ནི་ཆོས་རྒྱལ་མདོ་བཞེར་ནག་པོའི་ལོ་རྒྱུས་དེ་ཡིན་ལ།ཁོང་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་དུ་ཤར་རྒྱལ་མོ་རོང་གི་ཡུལ་དུ་རྒྱལ་ཕྲན་གྱི་ཚུལ་དུ་ཡོད་པའི་བེེ་རོའི་རྣམ་ཐར་སོགས་ལོ་རྒྱུས་དུ་མར་གསལ་བ་དང་།  ཁོང་གི་རུས་རྒྱུད་ལས།  ཕྱིས་ཀྱི་རྒྱལ་རོང་གི་རྒྱལ་ཁག་མང་ཕྱོགས་གྱེས་ཚུལ་བཤད་མཁན་ཡང་ཡོད།
  ༈གང་ལྟར་རྒྱལ་རོང་རྒྱལ་རྒྱུད་ཐོག་མ་སྤུ་རྒྱལ་གྱི་གདུང་རུས་ཡིན་ཅིང་།ཆོས་རྒྱལ་མདོ་བཞེར་ནག་པོ་ཁོང་བོད་ཀྱི་རུས་ཆེན་ལས་སྦྲ་རུས་དང་།སྦྲ་ལའང་དཀར་ནག་ཁྲ་གསུམ་ཡོད་པའི་སྦྲ་ནག་གི་གདུང་རུས་ཡིན་པའི་རྒྱུ་མཚན་གྱིས།  རྒྱལ་ནག་ཅེས་པ་དང།ལོ་ཆེན་བེེ་རོ་ཙ་ནས་ལྕགས་ནག་གི་སྐུ་རྟེན་གནང་བས་སམ།  རུས་ཁམས་ལྕགས་ཡིན་པས།  མིང་ཐོག་ཏུ་ལྕགས་སྦྱར་བ་ཙམ་དུ་མ་ཟད།ཁོང་གི་གདུང་རྒྱུད་ལའང་དེ་ལྟ་བུའི་མིང་འདོགས་ཀྱི་སྲོལ་རྒྱུན་ཆགས་ཕྱིར།  ལྕགས་ལ་རྒྱལ་པོ་ལའང་།རྒྱལ་ནག་ལྕགས་ལ་ཞེས་མཚན་བཏགས་པ་ཡིན།དོན་འདི་དག་གི་རྒྱབ་སྐྱོར་དུ་ཁུངས་ཡིག་འགའ་འགོད་དེ།
  ༈བོད་མི་བུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས།  ཤར་རྒྱལ་མོ་ཚ་བ་རོང་གི་རྒྱལ་པོ་སྔོན་མ་མདོ་བཞེར་ནག་པོ་ཞེས་པ་དེ་སྦྲ་ནག་པོའི་རིགས་ཡིན་ལ།  ཞེས་དང་།  ཡང་།  དེ་ནས་བཟུང་རྒྱལ་པོ་མདོ་བཞེར་ནག་པོའི་གདུང་རིགས་དེར་ཚིག་བསྡུས་པའི་རྒྱལ་ནག་གདུང་རིགས་ཟེར་བ་བྱུང་བར་གྲགས།  ཞེས་གསུངས་ཡོད།
  ༈མདོ་སྨད་ཆོས་འབྱུང་ལས།  རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་སྦྲ་ཡིན་པར་བཤད།  ཅེས་དང་།  ཡུལ་དེར་སྔོན་རྒྱལ་པོ་མདོ་བཞེར་ནག་པོ་བྱུང་དུས་བེེ་རོ་ཙ་ན་ཕེབས།  དེའི་སློབ་མ་གཡུ་སྒྲ་སྙིང་པོ་ཡང་ཚ་ཁོ།  ཚིག་བསྡུས་པའི་དབང་གིས་མདོ་བཞེར་ནག་པོའི་རིགས་ལ་རྒྱལ་ནག་གདུང་རྒྱུད།  ཅེས་གསུངས་ཡོད།
  ༈བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་ལས།  རྒྱལ་པོ་མདོ་བཞེར་ནག་པོའི་གདུང་རིགས་ད་དུང་ཡང་ཡོད་དེ།  ཁྱིམ་དེའི་མིང་ལ་རྒྱལ་ནག་ལྕགས་མགོན་ཚང་ཟེར།  ཞེས་དང་།
  ༈བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་ལས།  སྔོན་ཆུ་ཆེན་ནམ་མཁའ་འམ་རབ་བརྟན་རྒྱལ་པོའི་བློན་ཆེན་བཞིའི་ཡ་གྱལ་མདོ་བཞེར་དང་འཕན་བཞེར་གཉིས་ནི།  སྲོང་བཙན་སྒམ་པོའི་བློན་མགར་དམ་པས།  ཚིག་བསྡུས་པའི་དབང་གིས་མདོ་བཞེར་ནག་པོའི་རིགས་ལ་རྒྱལ་ནག   དེ་ལ་བེེ་རོ་ཙ་ན་ཕེབས་དུས་ལྕགས་ནག་གི་མགོན་པོའི་སྐུ་རྟེན་གནང་བས་ལྕགས་མགོན་དུ་གྲགས་པའི་རིགས་ལ་རྒྱལ་ནག་གདུང་རྒྱུད།  ཅེས་བཤད།
  ༈ཤར་རྒྱལ་མོ་རོང་པའི་སྐད་ཀྱི་སྐོར་རགས་ཙམ་དཔྱད་པ་ལས་ཀྱང་ལྟ་ཚུལ་འདི་བཞིན་བཟུང་ཡོད་པ་གསལ་པོ་རེད།
  ༈རྒྱལ་རོང་ས་ཁུལ་གྱི་བྱུང་བ་མདོ་ཙམ་བརྗོད་པ་ལས།  རྒྱལ་རོང་གི་ལུང་ཆེན་རྣམས་སུ་གནས་པའི་སྡེ་ཤོག་རྣམས་དཔོན་ཁག་བཅོ་བརྒྱད་སོགས་མདོ་བཞེར་ནག་པོའི་གདུང་རྒྱུད་དག་ལ་རྒྱལ་ནག་ཏུ་གྲགས་པ་དུ་མར་གྱེས་ཏེ།  བསྟན་པའི་རྒྱལ་ནག་ཚང་།  རྒྱལ་ནག་ལྕགས་མགོན་ཚང་།ང་གྱམ་ཏེ་ནག་བློན་པོ།     མི་ཉག་ལྕགས་ལགས་རྒྱལ་པོ།  ཅོག་ཙེ་རྒྱལ་པོ་སོགས་མང་དུ་གྱེས།  ཞེས་སོ།  །  ཡང་བེེ་རོ་ཙ་ནས་ལྕགས་ནག་གི་མགོན་པོའི་སྐུ་རྟེན་ཞིག   ཆོས་རྒྱལ་མདོ་བཞེར་ནག་པོ་ལ་གནང་བརྟེན་གཙོ་རུ་བཟུང་བས་ལྕགས་ནག་ཚང་ཞེས་ཀྱང་འབོད།འགའ་ཞིག་གིས་རུས་ཁམས་ལྕགས་ཡིན་ཕྱིར་ལྕགས་ཞེས་པ་མིང་གི་ཐོག་མར་སྦྱར་བ་ཡིན་ཚུལ་བཤད་པའང་ཡོད།  གོང་གི་ལུང་རྣམས་འདྲ་མིན་སྣང་ཡང་འདིར་བཤད་པའི་རྒྱབ་ནོན་དུ་སོང་ཚུལ་གཅིག་མཐུན་ཡིན་ཕྱིར་ཁུངས་སུ་དྲངས་སོ།
  མདོར་ན་ལོ་རྒྱུས་མང་པོར་གསལ་བ་བཞིན་མི་ཉག་ལྕགས་ལ་རྒྱལ་པོའི་གདུང་རུས་ནི།གང་ནས་དེད་ཀྱང་ཆོས་རྒྱལ་མདོ་བཞེར་ནག་པོའི་རུས་རྒྱུད་ཡིན་ཕྱིར།  ལྕགས་ལ་ཚང་གི་ཡབ་མེས་གོང་མ་རྒྱལ་རོང་པ་ཡིན་པ་དང་།  ཁོང་རྣམ་པའི་རུས་རྒྱུད་ཀུན་ལ་ལྕགས་ཞེས་པ་དང་།  རྒྱལ་ནག་ཅེས་སྦྱར་སྲོལ་ཡོད་ཚུལ་གསལ་པོར་བཤད་པ་མཐོང་ཐུབ་པས་མི་ཉག་ལྕགས་ལ་རྒྱལ་པོའི་མིང་འབྲི་འབོད་ཇི་ལྟར་ཡིན་ཚུལ་ལ་ངེས་ཤེས་འདྲོང་བར་འགྱུར་ཞིང་།  ལོ་རྒྱུས་རིག་པའི་བབ་བསྟུན་གོ་བ་ལེན་ཚུལ་ལའང་འགྲིགས་ཡོད།  གནའ་བོའི་བོད་ཀྱི་ལོ་རྒྱུས་དུ་མར་ཤར་རྒྱལ་མོ་ཚ་བ་རོང་ཞེས་འབོད་པ་བེེ་རོའི་རྣམ་ཐར་སོགས་ལས་གསལ་ཡང་།  གསར་དགའ་གཡམ་རྒྱུག་པ་འགས་རྒྱ་རོང་ཞེས་བཏགས་འབོད་ཅི་ཐུབ་བྱེད་བཞིན་ཡོད།  ཁོ་ཚོ་ལྟར་ན་ཤར་རྒྱ་མོ་ཚ་བ་རོང་ཞེས་འབོད་དགོས་པའང་རང་ཤུགས་ཀྱིས་ཐོབ་འདུག   གྲོང་སྐད་ཙམ་ལ་མི་ལྟ་བར་སྔོན་རབས་ལོ་རྒྱུས་ལ་ཁུངས་བཅོལ་པའི་སྟེང་རིག་པ་སྨྲ་བའི་མཁས་པ་རྣམས་ཞལ་མཐུན་པར་ཤར་རྒྱལ་མོ་རོང་པ་ཞེས་འབོད་བཞིན་ཡོད།  དེ་ལྟར་ན་རྒྱལ་རོང་པ་ཡིན་ཕྱིར་རྒྱལ་ནག་ལྕགས་ལ་ཞེས་མིང་དུ་བཏགས་པ་ཡིན་སྨྲས་ཀྱང་འགལ་བ་མ་མཐོང་།  གཞན་གཡམ་རྒྱུག་ལ་དགའ་བ་དང་།བློ་གཟུ་བོར་མི་གནས་པ།  བརྟག་དཔྱད་མི་བྱེད་པ་དག་གིས་རྒྱ་ནག་ལྕགས་ལ་ཞེས་བྲིས་པ་ལ་རྒྱུ་མཚན་རྡུལ་ཙམ་མེད་དོ།  །  གཤམ་དུ་གསལ་བཤད་ཅིག་ནི།  གོང་དུ་ཞུས་པ་ལྟར་སྤྱིར་ལྕགས་ལ་རྒྱལ་པོ་ཞེས་འབོད་པ་ལས་གཞན་མང་པོ་ཞིག་བཤད་མི་དགོས་ཀྱང་།   མིང་འདི་ལོག་པར་བྲིས་པ་མཐོང་ཚེ་ངས་འདི་ལྟར་མི་འབྲི་ཀ་མེད་ཡིན་པས་བྲིས་ལ་སླར་རང་རིགས་མཁས་པའི་ཐུགས་ལ་གཟུང་དུ་གསོལ་ཞེས་ཀྱང་ཞུའོ།། ༼ རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ། ༽
  • ལེ་ཚན་སྔོན་མ།: ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་བསྡུས་པ།
  • ལེ་ཚན་རྗེས་མ།:ཕག་མོ་རིའི་རྣམ་བཤད་བདེན་པའི་རང་སྒྲ།