༣ དགའ་ལྡན་ཕོ་བྲང་གི་དུས།
རྒྱལ་དབང་ལྔ་པ་སོགས་ཀྱིས་ཇིང་གིར་ཧན་གྱི་བརྒྱུད་པ་སོག་ཨོ་རོད་ཚོ་བཞིའི་ཡ་གྱལ་གུ་ཤྲི་ཧན་དང་མཉམ་འབྲེལ་བྱས་ཏེ། གུ་ཤྲི་ཧན་གྱིས་སྤྱི་ལོ༡༦༣༦ལོར་མཚོ་སྔོན་ཚ་འདམ་གཞུང་དུ་དམག་དྲངས་ཏེ། སྤྱི་ལོ༡༦༣༧ལོར་མཚོ་སྔོན་ཡུལ་དུ་གནས་པའི་ཧོར་ཆོག་ཐུ(却图汗)རྒྱལ་པོ་གཏོར། སྤྱི་ལོ༡༦༣༩ལོར་ཁམས་ཕྱོགས་སུ་དམག་དྲངས་ཏེ་གཙང་པ་རྒྱལ་པོ་དང་བཀའ་བརྒྱུད་པ་དང་འབྲེལ་བ་ཡོད་པའི་སྡེ་དཔོན་དང་དགོན་པ་ཐམས་ཅད་གཏོར། སྤྱི་ལོ༡༦༤༠ལོར་ཁམས་བེ་རུ་རྒྱལ་པོ་གཏོར། སྤྱི་ལོ༡༦༤༡ལོར་དབུས་ལ་དམག་དྲངས། རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ༡༦༤༢ལོར་གཙང་པ་རྒྱལ་པོའི་ལག་ནས་སྲིད་དབང་འཕྲོག། ལྷ་ས་འབྲས་སྤུངས་དགོན་དུ་དགའ་ལྡན་ཕོ་བྲང་གི་སྲིད་དབང་བཙུགས། དེ་ནས་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གིས་མདོ་ཁམས་ཡུལ་དུ་གཞུང་ཚབ་ཁང་ངམ་རྫོང་མང་དུ་བཙུགས། མདོ་ཁམས་ཕལ་མོ་ཆེ་དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་གྱུར། ལྕགས་ལའི་ས་ཆ་ར་རྔ་ཁའི་ཉེ་འགྲམ་དུ་གཞུང་ཚབ་ཁང་ངམ་རྫོང་བཙུགས། དེང་སྐབས་ཀྱང་ས་ཆ་དེ་ལ་རྫོང་ཞབས་ཞེས་འབོད། མི་ཉག་གམ་ལྕགས་ལའི་ས་ཆ་ཐམས་ཅད་ལ་དབང་བསྒྱུར་བྱས་སོ།།
1 བསྟན་འཛིན་གྲགས་པ་ནི། (丹怎扎克巴、噔睁吒吧)དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཁོང་གིས་ཁང་ཞིའི་ཁྲི་ལོ་ལྔ་པ། (康熙五年)སྤྱི་ལོ༡༦༦༦ལོར་སྲིད་བཟུང་། ཁང་ཞིའི་ཁྲི་ལོ་ཉི་ཤུ་པ། སྤྱི་ལོ༡༦༨༡ལོར་བསྙུན་གྱིས་སྐུ་གཤེགས། མི་ལོ་བཅོ་ལྔའི་ཡུན་ལ་སྲིད་བཟུང་། ཞེས་གསུངས་པས། སྤྱི་ལོ༡༦༦༦ལོ་ནས་སྤྱི་ལོ༡༦༨༡ལོ་སྟེ་མི་ལོ་བཅོ་ལྔ་སྲིད་བཟུང་བར་བསྟན་ཏོ། །
གཞན་ཡང་རྒྱའི་དེབ་ཐེར《清实录》 、《打箭炉志略》 、《西藏纪述》 དག་ལས་གོང་ལྟར་གསུངས་པས། བསྟན་འཛིན་གྲགས་པ་ནི་ཆིང་རྒྱལ་རབས་དང་འབྲེལ་བ་དམ་ཟབ་བྱུང་པའི་མདོ་དཔོན་ཐོག་མ་ཡིན། དེ་ནས་ལྕགས་ལའི་རྒྱལ་རྒྱུད་རྣམས་ཆིང་རྒྱལ་རབས་ལ་བརྟེན་ནས་ལྕགས་ལའི་སྲིད་དབང་དང་དཔལ་འབྱོར་སོགས་རིམ་བཞིན་ཡར་རྒྱས་ཆེན་པོར་བྱུང་ཡོད་དོ། །
གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “མགོན་འཕགས་པ་ཡེ་ཤེས་ཀྱི་རྒྱལ་སྲིད་སྐྱོང་རྗེས་ལོ་རྒྱུས་དེབ་ཐེར་ནང་ན་འཁོད་མེད། ཝན་ཉི་ཁྲི་ལོ་སོ་གསུམ་པ(1610)ནས་བཟུང་གོང་མ་རྒྱལ་པོ་ལ་ཕོག་ཐུག་སོང་དོན་རྒྱལ་སྲིད་འཛིན་ཆོག་པའི་ཆོག་མཆན་ཐོབ་པར་ལོ་ངོ་བཅུ་ཕྲག་ཁ་ཤས་སོང་མཚམས་སུ། ད་གཟོད་བསྟན་འཛིན་གྲགས་པ། (ཁང་ཞི་ཁྲི་ལོ་ལྔ་པ)སྤྱི་ལོ༡༦༦༦-༡༦༨༡ལོ། སྲིད་འཛིན་ལོ་བཅོ་ལྔ།” ཞེས་གསུངས་སོ། །
2 དགྲ་ལྷ་གྲགས་པ་ནི། (咤蜡喳吧、蛇蜡札巴、锡拉扎巴、索郎扎巴)རྒྱ་ཡིག་དག་ལས་ཁོང་གི་མཚན་ལ་མི་འདྲ་བ་འགའ་ཞིག་བྲིས་འདུག།དེའི་ཕྱིར་དེ་དག་བོད་སྐད་དུ་བསྒྱུར་སྐབས།ཤེས་རབ་གྲགས་པ། བསོད་ནམས་གྲགས་པ། ཞེས་བསྒྱུར་འདུག་ཅིང་། དོན་དངོས་སུ་ཁོང་ལ་མཚན་མི་འདྲ་བ་མང་པོ་ཞིག་ཡོད་པ་མིན་ཏེ། རྒྱའི་ཡིག་རྙིང《西藏纪述》ལས་བྱུང་བའི་དགྲ་ལྷ་གྲགས་པ(咤蜡喳吧)ཞེས་བྲིས་འདུག། ཡི་གེ་འདི“咤”ལ་རྒྱའི་སྤྱི་སྐད་ཀྱིས་zha་དང་། སི་ཁྲོན་སྐད་ཀྱིས་za་ཞེས་ཀློག་པས། དེའི་ཕྱིར་བོད་སྐད་ཀྱི་དགྲ་ཡི་སྒྲ་གདངས་བྲིས་པ་གསལ། འོན་ཀྱང་དེའི་རྗེས་རིམ་བཞིན་འབྲི་ནོར་བྱུང་བས། ཤེས་རབ་གྲགས་པ(蛇蜡札、锡拉扎巴)དང་བསོད་ནམས་གྲགས་པ(索郎扎巴)ཞེས་བྲིས་འདུག། རྒྱ་ཡིག་ལ་ནོར་བ་བྱུང་བའི་ཐོག་མའི་ཡིག་འབྲུའི(索、锡、蛇) རྩ་བའི་སྒྲ་གདངས་ནི་སུ(S)ཐུས(T)ལ(L)བཅས་ལས་གྲུབ་པས། ལོ་རྒྱུས་སྨྲ་བ་དག་གིས་བོད་སྐད་དང་མཐུན་པར་འོང་པའི་ཆེད་དུ་ཡིག་གཟུགས་དང་སྒྲ་མི་འདྲ་བ་བྲིས་པ་གསལ། དོན་ལ་ནི་གོང་གི་ཡི་གེ་དགྲ(咤)ཞེས་པའི་ཡིག་འབྲུ་གཅིག་པོ་ལ་བརྟེན་ནས་ནོར་བ་བྱུང་བའོ། །
རྒྱའི་དེབ་ཐེར《打箭炉志略》《西藏纪述》ལས། ཁོང་ནི་བསྟན་འཛིན་གྲགས་པའི་སྲས་ཡིན་པ་དང། བཙུན་མོ་ཀུན་དགའ་ཁབ་ཏུ་བཞེས་པ། སྲས་མོ་གཅིག་ཡོད་པ། མཚན་ལ་སངས་རྒྱས་ཞེས་འབོད་པ། གོང་མ་ཁང་ཞིའི་ཁྲི་ལོ་ཉི་ཤུའི་ལོར་ཡབ་སྐུ་གཤེགས། དེ་ནས་དེའི་སྲས་ཀྱིས་རྒྱལ་རྒྱུད་བཟུང། ཁང་ཞིའི་ཁྲི་ལོ་སོ་དགུའི་ལོར་ཟིང་འཁྲུག་གི་རྐྱེན་ལས་སྐུ་གཤེགས། ཞེས་གསུངས་པས། སྤྱི་ལོ༡༦༨༡ལོ་ནས་སྤྱི་ལོ༡༧༠༠ལོ་སྟེ་ལོ་ཉི་ཤུ་སྲིད་བཟུང་བར་བསྟན་ཏོ། །
དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཁང་ཞིའི་ཁྲི་ལོ་སོ་བརྒྱད་པ། (康熙三十八年)སྤྱི་ལོ༡༦༩༩ལོར་བོད་སྡེ་པ་གཞུང་གི་རྫོང་དཔོན་ཚངས་སྲས་འཕྲིན་ལས་ཀྱིས་བཀྲོངས། ལོ་བཅུ་དགུར་སྲིད་བཟུང་། ཞེས་གསུངས་པས། རབ་བྱུང་བཅུ་གཉིས་པའི་ས་ཡོས་སྤྱི་ལོ༡༦༩༩ལོར་མི་ཉག་ར་རྔ་ཁའི་ཉེ་འགྲམ་རྫོང་ཞབས་ན་གནས་པའི་དགའ་ལྡན་ཕོ་བྲང་གི་གཞུང་ཚབ་དཔོན་པོ་ཚངས་སྲས་འཕྲིན་ལས་ཀྱིས་ལྕགས་ལའི་སྟེང་དུ་དམག་དྲངས། སྤྱི་ལོ༡༧༠༠ལོར་ཆིང་གོང་མ་དང་མུ་ཕྱིའམ་འབྲོང་པ་རྒྱལ་པོ་བཅས་ཀྱིས་ལྕགས་ལ་སོགས་ཀྱི་ཆེད་དུ་ཕ་རོལ་པོའི་སྟེང་དུ་དམག་འབོར་ཆེན་དྲངས། སྐབས་དེར་ཆིང་གི་དམག་དཔོན་ཆེན་པོ་གཅིག་བཅས་ཕྱོགས་གཉིས་ཀའི་དམག་མང་གཤེགས་རྨས་བྱུང་ཡོད། མ་ཟད་དགྲ་ལྷ་གྲགས་པ་ཡང་དམག་ཐོག་ནས་བཀྲོངས་སོ། །ཁོང་གིས་སྤྱི་ལོ༡༦༨༡ལོ་ནས་སྤྱི་ལོ༡༧༠༠ལོའི་བར་ཏེ་མི་ལོ་ཉི་ཤུ་སྲིད་བཟུང་ཡོད་དོ།།
3 བཙུན་མོ་ཀུན་དགའ་ནི།(米古卡、衮噶、工喀)རྒྱ་ཡིག་དག་ལས་བྱུང་བའི་ཁོང་གི་མཚན་དེ་རྒྱལ་རོང་བྲག་བར་དཔལ་ལྡན་གྱིས་གོང་དཀར་ཞེས་བསྒྱུར་འདུག། ཀུན་དགའ་ཞེས་བསྒྱུར་ན་དོན་དངོས་དང་མཐུན་སྙམ་མོ། །དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཁང་ཞིའི་ཁྲི་ལོ་བཞི་བཅུ་པ། (康熙四十年)སྤྱི་ལོ༡༧༠༡ལོར་བཙུན་མོ་ཀུན་དགའ་ཡིས་སྲིད་བཟུང། མུ་ཕྱི་རྒྱལ་པོའི་གཡུང་དྲུང་འཕྲིན་ལས་ལ་སྲས་མོ་སངས་རྒྱས་བཙུན་མོར་གནང་། ཁང་ཞིའི་ཁྲི་ལོ་ང་དྲུག་པ། སྤྱི་ལོ༡༧༡༧ལོར་ཀུན་དགའ་བསྙུན་གྱིས་སྐུ་གཤེགས། མི་ལོ་བཅུ་བདུན་སྲིད་བཟུང་། ཞེས་གསུངས་པས། སྤྱི་ལོ༡༧༠༡ལོ་ནས་སྤྱི་ལོ༡༧༡༧ལོ་སྟེ་མི་ལོ་བཅུ་བདུན་སྲིད་བཟུང་བར་བསྟན་ཏོ། །
གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “བཙུན་མོ་གོང་དཀར། (ཁང་ཞི་ཁྲི་ལོ་ཉི་ཤུ་པ)སྤྱི་ལོ༡༦༨༡-༡༧༠༡ལོ། སྲིད་འཛིན་ལོ་བཅུ་དགུ།” ཞེས་གསུངས་པས། ལོ་ཚིགས་དེ་དགྲ་ལྷ་གྲགས་པའི་སྲིད་ལོ་དང་ནོར་བ་ཡིན། འོན་ཀྱང་དེབ་འདི་ལས་དགྲ་ལྷ་གྲགས་པའི་ཐོ་འགོད་ཆད་དོ། །
ལྕགས་ལའི་རྒྱལ་མོ་ཀུན་དགའི་སྐབས་ཏེ་སྤྱི་ལོ༡༧༠༠ལོར་དགའ་ལྡན་ཕོ་བྲང་གི་གཞུང་ཚབ་ཁང་དེ་རྩ་བ་ནས་གཏོར། འོན་ཀྱང་དགའ་ལྡན་ཕོ་བྲང་གིས་མུ་མཐུད་ནས་ལྕགས་ལའི་སྲིད་གཞུང་དུ་སྐུ་དྲག་མངག་བཞིན་ཡོད་པ་གསལ་ཏེ། ལྕགས་ལ་རྒྱལ་པོ་ལ་བློན་འཁོར་རམ་ཨ་ཀྱ་ཁ་པ་ཞེ་བརྒྱད་ཅེས་ཡོད་པ་ལས་བཀའ་བློན་ཞལ་པད་ཚང་དང་རྩེ་དྲུང་ཚང་གཉིས་ནི་བོད་སྡེ་པ་གཞུང་གིས་ཐད་གར་མངག་པ་ཞིག་ཡིན། དེའི་ཕྱིར་སྔ་ཕྱི་ཀུན་ཏུ་བོད་སྡེ་པ་གཞུང་གིས་ལྕགས་ལའི་ས་ཆ་ལ་དབང་བསྒྱུར་བྱེད་བཞིན་ཡོད་པ་རྟོགས་ནུས་སོ།།
4 རྒྱལ་མོ་སངས་རྒྱས་ནི། (桑结)དགྲ་ལྷ་གྲགས་པ་དང་བཙུན་མོ་ཀུན་དགའ་གཉིས་ཀྱི་སྲས་མོ་ཡིན། མུ་ཕྱི་རྒྱལ་པོ་གཡུང་དྲུང་འཕྲིན་ལས་ཀྱི་བཙུན་མོར་བྱས། ཁོང་གཉིས་ལ་སྲས་གཅིག་འཁྲུངས། མཚན་ལ་རྒྱལ་མཚན་དར་རྒྱས་ཞེས་འབོད། རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་གོང་མ་ཁང་ཞིའི་ཁྲི་ལོ་ཞེ་དགུ་པ་སྤྱི་ལོ༡༧༡༠ལོར་མུ་ཕྱི་རྒྱལ་པོ་གཡུང་དྲུང་འཕྲིན་ལས་ཉིད་ཉང་ཡོན་གྱི་གྱེན་ལངས་བྱུང་བ་འདུལ་བར་ཆས་སྐབས་དམག་ཐོག་ནས་སྐུ་གཤེགས། དེ་ནས་སྲས་མོ་སངས་རྒྱས་ཀྱིས་མུ་ཕྱིའི་རྒྱལ་སར་བཟུང་། གོང་མ་ཁང་ཞིའི་ཁྲི་ལོ་ང་བདུན་པ་སྤྱི་ལོ༡༧༡༨ལོར་སྲས་མོ་སངས་རྒྱས་རང་ཉིད་ཀྱིས་དམག་སྣ་ཁྲིད་དེ་དམག་མི་ལྔ་བརྒྱ་དང་བཅས་ཉང་ཡོན་མགོ་གནོན་ལ་ཆས་རྒྱལ་ཁ་ཐོབ། ཁང་ཞིའི་ཁྲི་ལོ་ང་དྲུག་པ་སྤྱི་ལོ༡༧༡༧ལོར་ལྕགས་ལའི་རྒྱལ་མོ་ཀུན་དགའ་སྐུ་གཤེགས་པས། གོང་མ་ནས་ཐོབ་དེ་སྲས་མོ་སངས་རྒྱས་ལ་སྤྲད། དེ་ནས་སྲས་མོ་སངས་རྒྱས་ཀྱིས་མུ་ཕྱི་དང་ལྕགས་ལ་གཉིས་ཀྱི་རྒྱལ་མོར་མཛད། དེའི་ཕྱིར་ཁོང་ནི་ཤེས་རབ་དང་དཔའ་རྩལ་གཉིས་ལྡན་གྱི་བུད་མེད་ཅིག་ཡིན་པར་རྟོགས་ནུས་སོ། །རབ་བྱུང་བཅུ་གཉིས་པ་ཤིང་སྦྲུལ་ཡུང་ཀྲེང་ཁྲི་ལོ་གསུམ་པ། (雍正三年)སྤྱི་ལོ༡༧༢༥ལོར་ས་འགུལ་གྱི་གནོན་རྐྱེན་གྱིས་སྲས་མོ་སངས་རྒྱས་དར་མདོ་ནས་སྐུ་གཤེགས་སོ། །
རྒྱའི་དེབ་ཐེར《西藏纪述》དག་ལས། ཀུན་དགའ་ཡིས་བུ་མོ་སངས་རྒྱས་ཉིད་འབྲོང་པ་རྒྱལ་པོ་གཡུང་དྲུང་འཕྲིན་ལས་ལ་བཙུན་མོར་བྱིན། ཁང་ཞིའི་ཁྲི་ལོ་ཞེ་དགུའི་ལོར་གཡུང་དྲུང་འཕྲིན་ལས་སྐུ་གཤེགས། དེ་ནས་སངས་རྒྱས་ཀྱིས་འབྲོང་པའི་རྒྱལ་སར་བཟུང་། ཁང་ཞིའི་ཁྲི་ལོ་ང་བདུན་ལོར་ལྕགས་ལའི་རྒྱལ་སར་བཟུང་། ཡུང་ཀྲེང་ཁྲི་ལོ་གསུམ་པའི་ལོར་ས་འགུལ་གྱིས་སྐུ་གཤེགས། ཞེས་གསུངས་པས། ཁོང་གིས་མུ་ཕྱིའམ་འབྲོང་པའི་རྒྱལ་ས་མི་ལོ་བཅུ་དྲུག་དང་། ལྕགས་ལའི་རྒྱལ་ས་མི་ལོ་བརྒྱད་བཟུང་ཡོད་དོ། །
དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཁང་ཞིའི་ཁྲི་ལོ་ང་དྲུག་པ། (康熙五十六年) སྤྱི་ལོ༡༧༡༧ལོར་ཀུན་དགའ་སྐུ་གཤེགས། ཡུང་ཀྲེང་ཁྲི་ལོ་གསུམ་པ། (雍正三年) སྤྱི་ལོ༡༧༢༥ལོར་ས་འགུལ་གྱི་རྐྱེན་གྱིས་སྲས་མོ་སངས་རྒྱས་སྐུ་གཤེགས། ལོ་བདུན་ལ་ལྕགས་ལའི་རྒྱལ་སར་བཟུང་།ཞེས་གསུངས་པས། སྤྱི་ལོ༡༧༡༧ལོ་ནས་སྤྱི་ལོ༡༧༢༥ལོ་སྟེ་མི་ལོ་བརྒྱད་ལྕགས་ལའི་རྒྱལ་ས་བཟུང་བར་བསྟན་ཏོ། །
གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “བུ་མོ་སངས་རྒྱས། (ཁང་ཞི་ལོ་ཁྲི་ལོ་ང་དྲུག་པ)སྤྱི་ལོ༡༧༠༡- ༡༧༡༧ ལོ། སྲིད་འཛིན་ལོ་བཅུ་བདུན།” ཞེས་གསུངས་པས། དེ་ནི་བཙུན་མོ་ཀུན་དགའི་སྲིད་འཛིན་གྱི་ལོ་ཚིགས་དང་ནོར་བ་ཡིན་ནོ།།