ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་བསྡུས་པ།(5)

མི་ཉག་ཐུབ་བསྟན་ཆོས་དར།        2015-08-06

ཁམས་མི་ཉག་ལྕགས་ལ་རྒྱལ་པོའི་རྒྱལ་རབས་བསྡུས་པ།

   5 རྒྱལ་མཚན་དར་རྒྱས་ནི། (坚参达结)གཡུང་དྲུང་འཕྲིན་ལས་དང་བཙུན་མོ་སངས་རྒྱས་གཉིས་ཀྱི་སྲས་ཡིན། མུ་ཕྱིའི་རྒྱལ་སར་སྐུ་འཁྲུངས། བྱིས་པའི་དུས་སུ་ཕ་ཡབ་སྐུ་གཤེགས། མ་ཡུམ་སོགས་ལ་བརྟེན་ནས་འཚར་ལོངས་བྱུང་། རྒྱལ་མཚན་དར་རྒྱས་ཁོང་གིས་བཙུན་མོ་ཆེ་ཆུང་གཉིས་ཁབ་ཏུ་བཞེས། ཆེ་བ་རྒྱལ་རོང་བཙན་ལྷ་རྒྱལ་པོའི་སྲས་མོ་ལྷ་སྒྲོན་དང་། ཆུང་བ་མུ་ཕྱིའི་བློན་ཆེན་ཞིག་གི་བུ་མོ་ཝཾ་དམུ་མུ་ཞེས་འབོད། བཙུན་མོ་ཆེ་བ་ལ་སྲས་མ་བྱུང་། བཙུན་མོ་ཆུང་བ་ལ་སྲས་གཉིས་འཁྲུངས། སྲས་ཆེ་བ་ལ་རྒྱལ་མཚན་ནམ་མཁའ་ནི་སྤྱི་ལོ༡༧༢༠ལོར་འཁྲུངས། སྲས་ཆུང་བ་རྒྱལ་མཚན་བདེ་ཆེན་ནི་སྤྱི་ལོ༡༧༢༡ལོར་འཁྲུངས་སོ། །རབ་བྱུང་བཅུ་གཉིས་པ་ཤིང་སྦྲུལ།  ཡུང་ཀྲེང་ཁྲི་ལོ་གསུམ་པ། (雍正三年)སྤྱི་ལོ༡༧༢༥ལོར་ས་འགུལ་གྱི་རྐྱེན་གྱིས་རྒྱལ་མོ་སངས་རྒྱས་སྐུ་གཤེགས། དེ་ནས་གོང་མས་རྒྱལ་མཚན་དར་རྒྱས་ལ་ལྕགས་ལ་དང་མུ་ཕྱི་གཉིས་ཀྱི་དཔོན་ཐོབ་ཀྱི་འཇའ་ས་གནང་བའོ། །
  དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས།  ཡུང་ཀྲེང་ཁྲི་ལོ་གསུམ་པ། (雍正三年)  སྤྱི་ལོ ༡༧༢༥ ལོར་ས་འགུལ་གྱིས་མ་ཡུམ་སངས་རྒྱས་སྐུ་གཤེགས། ལོ་དེར་རྒྱལ་མཚན་དར་རྒྱས་ཀྱིས་འབྲོང་པའི་རྒྱལ་སར་བཟུང་། ཡུང་ཀྲེང་ཁྲི་ལོ་བཞི་པ་སྤྱི་ལོ ༡༧༢༦ པའི་ལོར་ལྕགས་ལའི་རྒྱལ་སར་བཟུང་། ཡུང་ཀྲེང་ཁྲི་ལོ་བཅུ་གཅིག་པ་སྤྱི་ལོ ༡༧༣༣ ལོར་སྐུ་གཤེགས།21 ཞེས་གསུངས་པས། དེའི་ཕྱིར་ཁོང་གིས་དམུ་ཕྱིའི་རྒྱལ་སར་ལོ་དགུ་དང་། ལྕགས་ལའི་རྒྱལ་སར་ལོ་བརྒྱད་བཟུང་། དཔྱད་གཞི་དག་ལ་དཔག་ན་ཁོང་དགུང་ལོ་སུམ་ཅུ་ཡས་མས་སུ་སྐུ་གཤེགས་ཡོད་པ་འདྲའོ། །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས།  “རྒྱལ་མཚན་དར་རྒྱས།  (ཡུང་ཀྲིན་ཁྲི་ལོ་གསུམ་པ)སྤྱི་ལོ ༡༧༢༥-༡༧༣༣ ལོ།  སྲིད་འཛིན་ལོ་བདུན།” ཞེས་གསུངས་སོ།།
  6 བཙུན་མོ་ལྷ་སྒྲོན་ནི། (喇章)  རྒྱལ་རོང་བཙན་ལྷ་རྒྱལ་པོ་ཐར་འབུམ་གྱི་སྲས་མོ་དང་། རྒྱལ་མཚན་དར་རྒྱས་གྱི་བཙུན་མོ་ཆེ་བ་ཡིན། བཙུན་མོ་ལྷ་སྒྲོན་ལ་རིགས་རྒྱུད་མ་བྱུང་བས། རྒྱལ་མཚན་དར་རྒྱས་སྐུ་གཤེགས་རྗེས་བཙུན་མོ་ལྷ་སྒྲོན་རང་ཉིད་ཀྱིས་ལྕགས་ལའི་རྒྱལ་སར་བཟུང་། བཙུན་མོ་ཆུང་བ་ཝཾ་དམུ་མུས་མུ་ཕྱིའི་རྒྱལ་སར་བཟུང་། བཙུན་མོ་ལྷ་སྒྲོན་རང་ཉིད་ཁོ་ནས་སྤྱི་ལོ ༡༧༣༣ ལོ་ནས་སྤྱི་ལོ ༡༧༤༤ ལོའི་བར་ཏེ་མི་ལོ་བཅུ་གཉིས་ལ་སྲིད་བཟུང་། སྤྱི་ལོ ༡༧༤༥ ལོ་ནས་སྤྱི་ལོ ༡༧༧༡ ལོའི་བར་ཏེ་ལོ་ཉེར་བདུན་གྱི་རིང་ལ་རྒྱལ་མཚན་བདེ་ཆེན་ལ་སྲིད་རོགས་མཛད། དེའི་ཕྱིར་སྔ་ཕྱི་སྡོམ་པས་མི་ལོ་སོ་དགུར་སྲིད་བཟུང་ཞིང་། ཆན་ལུང་ཁྲི་ལོ་སོ་དྲུག་པ་སྤྱི་ལོ ༡༧༧༡ ལོར་སྐུ་གཤེགས་སོ། །
  དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས།  ཡུང་ཀྲེང་ཁྲི་ལོ་བཅུ་གཅིག་པ།(雍正十一年)སྤྱི་ལོ་༡༧༣༣་ལོར་རྒྱལ་མཚན་དར་རྒྱས་སྐུ་གཤེགས།  དེ་ནས་བཙུན་མོ་ཆེ་བ་ལྷ་སྒྲོན་གྱིས་ལྕགས་ལའི་རྒྱལ་སར་བཟུང་།  བཙུན་མོ་ཆུང་པ་ཝཾ་དམུ་མུས་མུ་ཕྱིའི་རྒྱལ་སར་བཟུང་།  ཆན་ལུང་ཁྲི་ལོ་བཅུ་པ། (乾隆十年)སྤྱི་ལོ ༡༧༤༥ ལོར་རྒྱལ་མཚན་བདེ་ཆེན་དགུང་་ལོ་ཉེར་བཞིའི་སྟེང་ལྕགས་ལའི་རྒྱལ་སར་བཟུང་། དེ་ནས་ལྷ་སྒྲོན་གྱིས་སྲིད་རོགས་མཛད།  སྔ་ཕྱི་སྡོམ་པས་མི་ལོ་སོ་བརྒྱད་སྲིད་བཟུང་། ཆན་ལུང་ཁྲི་ལོ་སོ་དྲུག་པ་སྤྱི་ལོ ༡༧༧༡ ལོར་སྐུ་གཤེགས་སོ།།22  ཞེས་གསུངས་པས།   སྤྱི་ལོ ༡༧༣༣ ལོ་ནས་སྤྱི་ལོ ༡༧༤༤ ལོའི་བར་རང་ཉིད་ཁོ་ནས་ལྕགས་ལའི་རྒྱལ་སར་བཟུང་བ་དང་།  སྤྱི་ལོ ༡༧༤༥ ལོ་ནས་སྤྱི་ལོ ༡༧༧༡ ལོའི་བར་རྒྱལ་མཚན་བདེ་ཆེན་ལ་སྲིད་རོགས་མཛད་པར་བསྟན་ཏོ།  །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས།  “བཙུན་མོ་ལྷ་ཚང་དང་བུ་ཆུང་རྒྱལ་མཚན་བདེ་ཚང་གཉིས་མཉམ་དུ། (ཆིན་ཆན་ལུང་ཁྲི་ལོ་བཅུ་པ)སྤྱི་ལོ ༡༧༣༣-༡༧༤༥ ལོ། སྲིད་འཛིན་ལོ་ཉི་ཤུ།” ཞེས་གསུངས་པས། ཁོང་གིས་བཀོད་པའི་ལྕགས་ལའི་རྒྱ་རབས་ཀྱི་ལོ་ཚིགས་རྣམས་རྒྱའི་ཡིག་ཆ་ཁོ་ན་ལ་བརྟེན་པ་ཞིག་ཡིན་མོད། འོན་ཀྱང་ཞིབ་ཕྲ་མ་བྱུང་བའི་རྐྱེན་གྱིས་ནོར་བ་མང་དུ་བྱུང་འདུག་གོ། །
  7 རྒྱལ་མཚན་བདེ་ཆེན་ནི། (坚参德昌、甲勒德沁)དར་མདོ་རྫོང་གི་ཡིག་ཚགས《建置沿革》ལས།  ཁང་ཞིའི་ཁྲི་ལོ་ང་དགུ་པ། (康熙五十九年)སྤྱི་ལོ ༡༧༢༠ ལོར་ཝཾ་དམུ་མུ་ལ་རྒྱལ་མཚན་ནམ་མཁའ་འཁྲུངས། ཕྱི་ལོར་རྒྱལ་མཚན་བདེ་ཆེན་འཁྲུངས། རྒྱལ་མཚན་དར་རྒྱས་སྐུ་གཤེགས་སྐབས། སྲས་ཆེ་བ་དགུང་ལོ་བཅུ་གསུམ། སྲས་ཆུང་བ་དགུང་ལོ་བཅུ་གཉིས། ཞེས་གསུངས་པས། ཁང་ཞིའི་ཁྲི་ལོ་དྲུག་ཅུ་པ་སྤྱི་ལོ ༡༧༢༡ ལོར་འཁྲུངས་པ་དང་། སྤྱི་ལོ ༡༧༣༣ ལོ་སྟེ་ཡབ་སྐུ་གཤེགས་སྐབས་དགུང་ལོ་བཅུ་གཉིས་ལ་ཟིན་ཡོད་པར་བསྟན་ཡོད་དོ། ། དེའི་ཕྱིར་རབ་བྱུང་བཅུ་གཉིས་པའི་ལྕགས་གླང་སྤྱི་ལོ ༡༧༢༡ ལོར་རྒྱལ་མཚན་དར་རྒྱས་དང་ཝཾ་དམུ་མུ་གཉིས་ཀྱི་སྲས་སུ་མུ་ཕྱིའི་རྒྱལ་སར་འཁྲུངས། དགུང་ལོ་བཅུ་གསུམ་སྟེང་ལྷ་སྒྲོན་གྱི་སྲས་ཚབ་བྱས། དེ་ནས་བཙུན་མོ་ལྷ་སྒྲོན་དང་མཉམ་དུ་ལྕགས་ལའི་རྒྱལ་ས་རུ་བཞུགས། དགུང་ལོ་ཉེར་ལྔ་སྤྱི་ལོ ༡༧༤༥ ལོར་དངོས་སུ་ལྕགས་ལའི་རྒྱལ་སར་བཟུང་། དེའི་ཕྱིར་ཁོང་ནི་སྤྱི་ལོ ༡༧༢༡ ལོར་འཁྲུངས།  སྤྱི་ལོ ༡༧༤༥ ལོ་ནས་སྤྱི་ལོ ༡༧༩༡ ལོའི་བར་ཏེ་མི་ལོ་ཞེ་བདུན་རྒྱལ་ས་བཟུང་། སྤྱི་ལོ ༡༧༩༡ སྐུ་གཤེགས་པའོ། ། གཞན་ཡང་ཡིག་ཚགས་དེ་ལས།  ཆན་ལུང་ཁྲི་ལོ་བཅུ་གཉིས་པ།(乾隆十二年)སྤྱི་ལོ ༡༧༤༧ ལོར་རྒྱལ་རོང་ཆུ་ཆེན་རྒྱལ་པོ་བཏུལ་བ་ལ་དཔུང་རོགས་མཛད། དཔའ་རྟགས་ཐོབ། ཆན་ལུང་ཁྲི་ལོ་ཉི་ཤུ་པ་སྤྱི་ལོ ༡༧༥༥ ལོ་དང་། ཆན་ལུང་ཁྲི་ལོ་ཞེ་གཉིས་པ་སྤྱི་ལོ ༡༧༧༧ ལོ། ཆན་ལུང་ཁྲི་ལོ་ང་གཅིག་པ་སྤྱི་ལོ ༡༧༨༦ ལོར་བཅས་ལ་དར་མདོའི་གྲོང་ལ་ལྕགས་རི་བསྐྲུན། ཆན་ལུང་ཁྲི་ལོ་སུམ་ཅུ་སོ་དྲུག་པ་སྤྱི་ལོ ༡༧༧༡ ལོར་རྒྱལ་རོང་བཙན་ལྷའི་དོན་གནད་བཏུལ་བ་ལ་དཔུང་རོགས་མཛད། དཔའ་རྟགས་རིམ་པ་གཉིས་པ་ཐོབ། ཞེས་གསུངས། གཞན་ཡང་རྒྱ་ཡིག་དག་ལས།  ཆན་ལུང་ཁྲི་ལོ་ཉི་ཤུ་སྤྱི་ལོ ༡༧༩༡ ལོར་བལ་ཡུལ་གོར་ཥའི་དམག་བཏུལ་བ་ལ་དཔུང་རོགས་མཛད། ལྕགས་ལ་ནི་བོད་ཀྱི་ས་གནས་སོ་སོའི་དཔོན་དང་འབྲེལ་བ་དམ་ཞིང་། དེ་ལྟར་ཆིང་མཇུག་བར་དུ་གོང་མ་དང་འབྲེལ་བ་དམ་པོར་བྱུང་། མ་ཟད་པེ་ཅིན་གྲོང་ན་ལྕགས་ལའི་གཞུང་ཚབ་ཁང་ཞིག་ཀྱང་ཡོད།  དེ་དམངས་རྒྱལ་རབས་དུས་སུ་མེད་པར་བྱས་སོ། ། ཞེས་གསུངས་སོ།།
  དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཆན་ལུང་ཁྲི་ལོ་བཅུ་པ།(乾隆十年)  སྤྱི་ལོ ༡༧༤༥ ལོར་རྒྱལ་མཚན་བདེ་ཆེན་གྱིས་ལྕགས་ལའི་རྒྱལ་ས་བཟུང།  དེ་ནས་ལྷ་སྒྲོན་གྱིས་སྲིད་རོགས་མཛད། ཆན་ལུང་ཁྲི་ལོ་ང་དྲུག་པ། (乾隆五十六年)སྤྱི་ལོ ༡༧༩༡ ལོར་སྐུ་གཤེགས།   མི་ལོ་ཞེ་དྲུག་རྒྱལ་ས་བཟུང་། ཞེས་གསུངས་པས།  སྤྱི་ལོ ༡༧༤༥ ལོ་ནས་སྤྱི་ལོ ༡༧༩༡ ལོ་སྟེ་མི་ལོ་ཞེ་དྲུག་རྒྱལ་ས་བཟུང་བར་བསྟན་ཏོ། །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས།  “བཙུན་མོ་ལྷ་ཚང་དང་བུ་ཆུང་རྒྱལ་མཚན་བདེ་ཚང་གཉིས་མཉམ་དུ། (ཆིན་ཆན་ལུང་ཁྲི་ལོ་བཅུ་པ)སྤྱི་ལོ  ༡༧༣༣-༡༧༤༥ ལོ། སྲིད་འཛིན་ལོ་ཉི་ཤུ།” ཞེས་གསུངས་པས། རྒྱལ་མཚན་བདེ་ཆེན་གྱིས་སྲིད་བཟུང་བའི་ལོ་ཚིགས་གསལ་པོར་བསྟན་མེད་དོ། །
  8 རྒྱལ་མཚན་ནོར་བུ་ནི།  (甲木参诺尔布)དར་མདོའི་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཆན་ལུང་ཁྲི་ལོ་ང་དྲུག་པ།  (乾隆五十六年)སྤྱི་ལོ ༡༧༩༡ ལོར་རྒྱལ་མཚན་བདེ་ཆེན་འདས། སྲས་རྒྱལ་མཚན་ནོར་བུས་རྒྱལ་སར་བཟུང་། ཇཱ་ཆིན་ཁྲོ་ལོ་བཅུ་བཞི་པ།  (嘉庆十四年)སྤྱི་ལོ ༡༨༠༩ ལོའི་བར་ཏེ་མི་ལོ་བཅོ་བརྒྱད་ལ་རྒྱལ་སར་བཟུང་།23 ཞེས་གསུངས་པས།  སྤྱི་ལོ ༡༧༩༡ ལོ་ནས་སྤྱི་ལོ ༡༨༠༩ ལོའི་བར་ཏེ་མི་ལོ་བཅོ་བརྒྱད་སྲིད་བཟུང་བར་བསྟན་ཏོ། །
  གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས།  “རྒྱལ་མཚན་ནོར་བུ། (ཆན་ལུང་ཁྲི་ལོ་ང་དྲུག་པ)སྤྱི་ལོ ༡༧༤༥- ༡༧༩༡ ལོ། སྲིད་འཛིན་ལོ་ཞེ་དྲུག།” ཅེས་གསུངས་པས།  ལོ་ཚིགས་སོགས་ནོར་འདུག་གོ། །
  རྡོ་རིང་པཎྜ་ཏའམ་བཀའ་བློན་བསྟན་འཛིན་དཔལ་འབྱོར་གྱིས《དགའ་བཞི་བའི་རྣམ་ཐར》ལས།  “…རྒྱལ་མོ་རོང་པའི་དཔོན་དམག་རྣམས་དཔུང་བུ་ཆུང་གི་ཚུལ་དུ་རྐང་འགྲོས་ལ་རྟ་ལས་མགྱོགས་པར་བསྐྱོད་དེ་ཕས་རྒོལ་རི་ནགས་སུ་བྲོས་པ་རྣམས་ལ་ཐག་རིང་བར་མེ་མདའ་དང་། ཉེ་བ་ལ་རལ་གྲིའི་འཕྲུལ་འཁོར་གྱི་སྒོ་ནས་གོར་དམག་ས་བསྲུངས་རྣམས་ཚང་མ་མཚན་འགེབས་ཀྱི་བཅོམ་ཐོག་སྐྱིད་གྲོང་ས་བསྲུང་དུ་ཡོད་པའི་གོར་དཔུང་རྣམས་ལའང་སྤྱང་ཀིས་ལུག་ཁྱུ་མཐོང་བ་ལྟར་རྫོང་འཚངས་བྱས་ཏེ་རེ་གཉིས་ཙམ་བྲོས་ཐར་ན་ལས། དེ་བྱིངས་ཚང་མ་གཏན་བརླག་ཏུ་བཅོམ་སྟེ་གཡུལ་ལས་རྣམ་པར་རྒྱལ་པའི་དཔའ་རྟགས་ཀྱི་རུ་མཚོན་སྲིད་རྩེར་སྒྲེང་བཞིན་དུ་བོད་ཀྱི་ས་སྣེ་བསྒལ་ནས་བལ་པོའི་རྫོང་དང་ཉེ་བའི་ཆར་འབྱོར་འདུག།” 24 ཅེས་གསུངས་པས།  ཆུ་བྱི་སྤྱི་ལོ ༡༧༩༢ ལོར་མན་ཇུ་གོང་མ་དང་རྒྱལ་རོང་། ལྕགས་ལ་སོགས་ཀྱི་དམག་རོགས་བོད་དབུས་གཙང་དུ་བསྐྱོད། ཆུ་གླང་སྤྱི་ལོ ༡༧༩༣ ལོར་རྒྱལ་ཁ་ཐོབ་ཏེ་གོར་དམག་གཡུལ་ཕུད་པའོ། །
  9 རྒྱལ་མཚན་བསམ་རྒྱལ་ནི། (甲木参沙克嘉)དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཇཱ་ཆིན་ཁྲི་ལོ་བཅུ་བཞི་པ། (嘉庆十四年)  སྤྱི་ལོ ༡༨༠༩ ལོར་རྒྱལ་མཚན་བསམ་རྒྱལ་གྱིས་རྒྱལ་སར་བཟུང་། ཏོ་ཀོང་ཁྲི་ལོ་བཞི་པ། (道光四年)   སྤྱི་ལོ ༡༨༢༤ ལོའི་བར་ཏེ་རྒྱལ་ས་མི་ལོ་བཅོ་ལྔར་བཟུང་།25 ཞེས་གསུངས་པས། སྤྱི་ལོ ༡༨༠༩ ལོ་ནས་སྤྱི་ལོ ༡༨༢༤ ལོའི་བར་སྟེ་མི་ལོ་བཅུ་དྲུག་སྲིད་བཟུང་བར་བསྟན་ཏོ། །
  རྒྱལ་རོང་ཆོས་ལྡན་གྱིས《嘉绒藏族史志》ལས། ཇཱ་ཆིན་ཁྲི་ལོ་བཅུ་བཞི་པ།  (嘉庆十四年)སྤྱི་ལོ ༡༨༠༩ ལོར་ལྕགས་ལ་རྒྱལ་པོ་ཉིད་གོང་མ་ཆེན་པོ་དགུང་གྲངས་ལྔ་བཅུ་འཁོར་བའི་སྐྱེ་སྐར་ལ་པེ་ཅིན་དུ་ཆས། གོང་མའི་ཕོ་བྲང་ནས་ལྕགས་རྒྱལ་ལ་གོང་མ་དང་མཚུངས་པའི་གུས་བཀུར་ཐོབ།  ལོ་དེར་རྒྱལ་ས་བཟུང་། ཏོ་ཀོང་ཁྲི་ལོ་བཞི་པ།  (道光四年)སྤྱི་ལོ ༡༨༢༤ ལོའི་བར་ཏེ་རྒྱལ་ས་མི་ལོ་བཅོ་ལྔར་བཟུང། ཞེས་གསུངས་སོ། །
          གོང་གི《རྒྱལ་མོ་རོང་གི་ལོ་རྒྱུས》ལས། “རྒྱལ་མཚན་གསལ་རྒྱལ།(ཆིན་ཇཱ་ཆིན་ཁྲི་ལོ་བཅུ་བཞི་པ)སྤྱི་ལོ ༡༧༩༡-༡༨༠༩ ལོ། སྲིད་འཛིན་ལོ་བཅོ་བརྒྱད།” ཅེས་གསུངས་པས། རྒྱ་ཡིག་ལས་བྱུང་བའི་རྒྱལ་པོའི་མཚན་དེ་རྒྱལ་མཚན་གསལ་རྒྱལ་ཞེས་བསྒྱུར། ལོ་ཚིགས་ཡང་ནོར་འདུག་གོ། །
  10 རྒྱལ་མཚན་རྡོ་རྗེ་ནི། (甲木参多结)དར་མདོ་རྫོང་གི་ལོ་རྒྱུས《康定县志》སོགས་ལས། ཏོ་ཀོང་ཁྲི་ལོ་བཞི་པ། (道光四年)  སྤྱི་ལོ ༡༨༢༤ ལོར་རྒྱལ་སར་བཟུང་། ཏོ་ཀོང་ཁྲི་ལོ་བཅུ་གསུམ་པ། (道光十三年)  སྤྱི་ལོ ༡༨༣༣ ལོར་སྐུ་གཤེགས། མི་ལོ་དགུའི་ཡུན་ལ་སྲིད་བཟུང་། 26 ཞེས་གསུངས་པས། །སྤྱི་ལོ ༡༨༢༤ ལོ་ནས་སྤྱི་ལོ ༡༨༣༣ ལོའི་བར་ཏེ་མི་ལོ་དགུའི་ཡུན་ལ་སྲིད་བཟུང་བར་བསྟན་ཏོ། །
  • ལེ་ཚན་སྔོན་མ།:མི་ཉག་མགར་ཐར་གྱི་ས་མིང་བྱུང་ཚུལ་མདོར་ཙམ་བརྗོད་པ།
  • ལེ་ཚན་རྗེས་མ།:མི་ཉག་ལྕགས་ལ་རྒྱལ་པོའི་མཚན་ཐོགས་ཚུལ་ལ་རྒྱལ་ནག་ལྕགས་ལའམ་རྒྱ་ནག་ལྕགས་ལ་གང་ཡིན་དཔྱད་པ།