བོད་ཀྱི་ཤིང་ཟམ་འཛུགས་པའི་ལག་ཤེས།(2)

    བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ།    2011-01-21


དེ་ནས་རིམ་པར་འགྱོགས་ལྔ་པོ་འཐེན་ནས་སྟེང་དུ་ཕྲེད་གཅལ་མཐུག་པོ་དང་དཀྱིལ་དུ་རྒྱུ་ལམ་འགྱོགས་གི་འགྲོས་དང་བསྟུན་པ་གཅལ་ཕྱོགས་གཉིས་ལའང་ཤིང་བཞི་ལིང་གི་ཤན་ཆ་ལྟ་བུ་ཅན།ཤིང་གི་རྭ་སྐྱོར་འགྱོགས་ཤིང་གཅལ་དང་བཅས་མཉམ་སྒྲོག་གི་སྒྲོག་དང་ཆ་འགྲིག་ཟམ་རྟེན་ཆུང་བ་གཉིས་ཀྱི་སྟེང་དུ་རྩིག་པར་རྡོ་གཡོམ་གྱི་ཆར་ཁེབས་ཅན།ཟམ་ཆེན་ཟམ་རྟེན་སྟེང་ཟམ་སྲུང་འདུག་ཁང་འགག་སྒོའི་སྒོ་ཆེན་བཙན་པོ་སྒོ་འདན་ཆ་འགྲིག།ཟམ་སྲུང་ཁང་གི་ཕྱོགས་ཐམས་ཅད་དུ་སོ་བལྟའི་ཁུང་བུ་བཏོད་པ།རྭ་སྐྱོར་སྟེང་དང་ལྕོག་དང་དར་ཕྲེང་སོགས་ཀྱིས་མཛེས་པར་བརྒྱན་པས་གྲུབ་ལ།དེ་ལ་དབྱར་ཁ་ཆུ་ཆེར་རྒྱས་དུས་ཆུའི་འཁོར་ཕྱོགས་ཀྱིས་ཟམ་རྟེན་ཆེ་བར་ཉེན་ཁ་ཡོད་ན།ཤིང་སྔས་སྣ་བུག་སོགས་ཀྱི་ཟམ་རྟེན་བརྩིག་པ་བཞིན་ཟམ་རྟེན་གྱི་ཆུས་ཕོག་ཕྱོགས་སུ་དབྱིབས་ཟུར་གསུམ་ཅན་དབྱར་ཆུ་ཆེར་རྒྱས་དུས་ཆུ་སྟེང་དུ་འདོམ་དོ་ཙམ་འཕགས་པའི་ཆུ་གཤག་བརྩིག་དགོས་ལ།ཟུར་གསུམ་གྱི་ཟུར་ཆུ་འོང་ཕྱོགས་དང་།ངོས་ཟམ་ཆེན་རྟེན་ལ་གཏད་པ་དེས་དབྱར་ཆུའི་ཤུགས་ཆེན་པོ་དེས་ཟམ་རྟེན་ལ་ཉེན་ཁ་བཟོ་ལ་ཉེ་ཚེ།
 ཆུ་གཤག་གིས་ཆུ་ཤུགས་ཁག་གཉིས་སུ་བགོས་ནས་ཆུ་ཤུགས་ཟམ་རྟེན་ལ་མི་ཕོག་པ་དང་།དེས་ཟམ་རྟེན་ལ་ཐད་ཀར་བརྡབ་ན་ཟམ་རྟེན་བཤིག་ཉེན་ཆེ་བས་དེའི་བར་ཆད་འགོག་པ་སོགས་ཟམ་པ་སྲུང་སྐྱོབ་ཀྱི་ནུས་པ་ཆེན་པོ་ཐོན་པ་ཞིག་ཡིན་ནོ།།
 གསུམ། འབྲེང་ཟམ་འཛུགས་པའི་ལག་ཤེས།
ཀོ་རློན་གྱི་འབྲེང་ཐག་ལས་བཟོས་པའི་འབྲེང་ཟམ་འཛུགས་པར།ཐོག་མར་འབྲེང་ཟམ་འཛུགས་ཡུལ་ལ་བརྟག་དགོས་ཏེ།གཙང་ཆུའི་འཕྲང་དོག་ཅིང་ཉིན་སྲིབ་གཉིས་ཀྱི་རི་གཟར་ལ་བྲག་བརྟན་པོ་ཡོད་པའི་སར།ལུང་པའི་མདའ་སོགས་འགྲོ་ལམ་ལ་ཕན་པར་དམིགས་ཏེ་འཛུགས་པར།ཐོག་མར་ཕྱོགས་གཉིས་ཀྱི་བྲག་ངོས་སུ་ལྕགས་ཀྱི་ཕུར་པ་སྦོམ་པ་བརླིང་བ་བརྡེགས་ཐོག  ཀོ་རློན་གྱི་རྒྱུན་བུ་བཞི་སྒྲིལ་ལམ་དྲུག་སྒྲིལ་བརྒྱད་སྒྲིལ་སོགས་གཅིག་ཏུ་བསྒྲིལ་པའི་ཐག་པའི་སྣེ་གཉིས་ཕུར་པར་དམ་ཐག་ཆོད་བསྡམས།དེ་ནས་ལྕགས་ཀྱི་ཨ་ལོང་སྦ་དང་ཤིང་ལས་བྱས་པའང་སྣང་མང་ཙམ་ཞིག་འབྲེང་ཐག་ཐོག་བསྒར་བར།འབྲེང་ཐག་དང་མཉམ་གཤིབ་ཏུ་ཨ་ལོང་འཐེན་བྱེད་ཀྱི་ཐག་པ་སྦོམ་ཕྲ་རན་པོ་འཇུ་བདེ་བ་ཞིག་གཏོང་།འགྲུལ་པས་ཆུ་བོ་རྒལ་སྐབས་རྐུབ་སྟེགས་སུ་ཀོ་བ་ལས་བྱས་པའི་དབྱིབས་ཡོབ་ཆེན་དང་ཕྱོགས་མཚུངས་འདུག་བདེའི་རྐེད་པའི་ཐད་ནས་སྒྲོག་ཡོད་པ་དུ་མ་འབྲེང་ཐག་གི་ཨ་ལོང་ལ་བཏག་གོ། འགྲུལ་པ་འབྲེང་ཟམ་དུ་འགྲོ་སྐབས་ལག་པས་དཔྱང་ཐག་ལ་འཇུས་ཤིང་།རྐང་པས་འབྲིང་ཟམ་སྣེའི་བྲག་ལ་ཤུགས་ཀྱིས་རྡོག་བཀན་བརྒྱབ་སྟེ་ཐག་ཞུད་བཏང་ནས་འགྲོ་བར།འབྲེང་ཟམ་གྱི་དཀྱིལ་དུ་སླེབས་དུས་འབྲེང་ཟམ་རིང་བའི་རྐྱེན་གྱིས་སྣེ་གཉིས་མཐོ་ལ་དབུས་དམའ་བའི་ཀྱོག་ཀྱོག་ཏུ་གྱུར་ནས་ཞུད་མི་ཐུབ་པར་འབྲེང་ཐག་དང་མཉམ་དུ་བཏང་ཡོད་པའི་ཐག་པ་ཤུགས་ཀྱིས་འཐེན་ནས་འགྲོ་དགོས་ལ།འབྲེང་ཟམ་ལ་ཀོ་བ་ལས་བཟོ་པ་དང་།སྦ་ལས་བཟོས་པ་དང་།ཕྱིས་སུ་ལྕགས་སྐུད་ལས་བཟོས་པ་སོགས་སྣ་ཚོགས་ཡོད་དོ།། ལྕགས་ཟམ་ནི།ཆུ་བོའི་ཕྱོགས་སུ་གོང་གི་ཤིང་ཟམ་སྐབས་དང་ཕྱོགས་མཚུངས་ཀྱི་ཟམ་གདན་བརྟན་པོ་བརྩིག བགྲོད་ཟམ་བརྐྱང་རན་མཚམས་ནས་ལྕགས་ཐག་འཛིན་བྱེད་འཕྲེད་གདུང་བཏང་པ་ལ་ལྕགས་ཐག་སྣ་ཡ་བཏགས།འདི་ལ་ལྕགས་ཕུར་རིང་བརྡབས་པའང་སྣང་སྣེ་ཡ་གཅིག་ལ་ཐག་པས་ཆུ་ཕ་ཁར་འཐེན་ཏེ་ཟམ་གདན་གྱི་འཕྲེད་གདུང་ངམ་ལྕགས་ཕུར་ལ་བཏགས་པས་གྲུབ་ལ།སྤྱིར་བགྲོད་ཟམ་གྱི་གདན་ལ་ལྕགས་ཐག་དགུ་དང་།ཕྱོགས་གཉིས་ཀྱི་ར་བའམ་ལག་འཇུ་ལ་བཞི་རེ་སྟེ་ལྕགས་ཐག་བཅུ་གསུམ་རེ་ཚད་མ་ཡིན།ཆུ་བོ་རྒྱ་ཆེན་པོའི་རིང་ལ་དཀྱིལ་ཟམ་དང་ཟམ་ཆུང་བཞི་རེ་དགོས།
བགྲོད་ཟམ་ཐོག་དུ་ཤིང་ལེབ་བཏང་།ཟམ་སྲུང་གི་ཁང་པ་ཕྱོགས་ཀྱི་ཟམ་རྟེན་ཐོག་བརྒྱབ་པས་གྲུབ་པོ།།
  • ལེ་ཚན་སྔོན་མ།:བོད་ཀྱི་གྲུ་དང་གཟིངས་བཟོ་ཐབས།
  • ལེ་ཚན་རྗེས་མ།:ཀོ་དཀར་དང་ཀོ་དམར་སོགས་བཟོ་ཐབས།
  • དོ་སྣང་ཆེ་བའི་རྩོམ།