སློབ་གསོ་ནི་རྗེས་ལུས་ཀྱི་ཞྭ་མོ་འདོར་བྱེད་ཡིན།(3)
སྐལ་བཟང་ཐུབ་བསྟན་གྱིས་ 2011-03-28
སློབ་གྲྭའི་སློབ་གསོ།
སློབ་གྲྭ་ནི་སློབ་མ་ཚོས་ཤེས་བྱ་ཐད་ཀར་ཐོབ་ཐུབ་ཅིང་ཡ་རབས་ཀུན་སྤྱོད་ཐོག་མར་ལོབས་པའི་ས་གནས་གལ་ཆེན་ཞིག་ཡིན། ཁྱིམ་ཚང་སློབ་གསོ་ལེགས་པོ་ཞིག་ཐོབ་པའི་རྨང་གཞི་ཐོག་སློབ་གྲྭ་རུ་སློབ་མའི་ཀུན་སྤྱོད་དང་། རིག་གནས། ལུས་རྩལ་སོགས་ལ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡང་དག་པ་ཞིག་ཡོང་ཐུབ་ན་ཡག་ཐོག་ཡག་བརྩེགས་པས་ཧ་ཅང་བཟང་། སློབ་གྲྭའི་ལས་འགན་གཙོ་བོ་ནི་སློབ་མ་ཚོར་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་དང་སློབ་མ་རྩ་བ་འཛིན་ཏེ་བརྒྱ་སློབ་སྟོང་སློབ་མི་ལ་བདེན་དོན་སློབ་ཅིང་། བརྒྱ་སྦྱོང་སྟོང་སྦྱོང་དྲང་བདེན་ཅན་གྱི་མི་ཞིག་འགྱུར་བར་སྦྱོང་བ་དང་། སློབ་མའི་བློ་དང་འཚམ་པའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སློབ་མ་ཚོའི་ཤེས་བྱ་སྦྱོང་འདོད་ཀྱི་སྤྲོ་བ་གཏིང་ནས་སློང་དགོས་པ་དེ་ཡིན། སློབ་ཆུང་དུ་གློག་གི་དག་ཆ་ལ་ལེགས་པོ་ཞིག་ཐོན་པ་དང་བྲིས་གཟུགས་དག་སྙོམས་མཛེས་གསུམ་གྱི་རྐང་ཚུགས་ཐུབ་པ་རེ། རྒྱུན་སྤྱོད་མིང་ཚིག་གི་རྨང་གཞི་བརྟན་པོ་རེ་བཅས་ནི་མེད་ཐབས་མེད་པ་ཡིན། དེང་སང་། རང་རེའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་ལའི་ཁྲོད་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་པའི་ཚེ་སློབ་ཐུན་གཅིག་གི་མགོ་ནས་མཇུག་བར་བོད་སྐད་དག་མས་སློབ་ཁྲིད་བྱེད་མི་ནུས་པ་ལྟར་སྣང་ཞིང་། ཕལ་ཆེར་གྱིས་བོད་སྐད་དང་རྒྱ་སྐད་འདྲེས་མ་བྱས་ནས་སློབ་ཁྲིད་བྱས་པ་རྒྱུན་སྲོལ་ལྟར་ཆགས་འདུག་པ་མ་ཟད་དེ་ལས་ཐུ་བའི་ཆེས་རྒྱུན་ལྡན་གྱི་བོད་སྐད་རང་ཡིན་པ་རྣམས་ཀྱང་རྒྱ་ཡིག་ཏུ་བསྒྱུར་ཁུལ་བྱས་ནས་གོ་དོན་བསྟན་གྱི་འདུག་པའི་གནས་ཚུལ་ཡ་ང་བ་དེ་གཏན་འགོག་བྱ་རྒྱུ་དང་། ལྷག་པར་དུ་དེང་སང་གསར་སྐྱེས་ཀྱི་བྱིས་པ་ཚང་མས་སྔོན་དུས་སུ་ཞིང་འབྲོག་ཁུལ་དུ་སྤྱོད་དགོས་ཆེ་བའི་ཅ་དངོས་རྣམས་མིག་གི་མཐོང་མ་མྱོང་ཞིང་ཕ་མས་ཚོས་ཀྱང་དེའི་སྐོར་གྱི་ཤེས་བྱ་མི་བསླབས་པས་དེ་དག་གི་མིང་ཐོས་ཚེ་མི་རིགས་གཞན་ཞིག་གི་སྐད་ཚོར་བ་དང་གཉིས་སུ་མ་མཆིས་པས་རང་རེས་བྱིས་པ་ཚོར་བོད་རང་གི་ཁོར་ཡུག་དང་དངོས་པོ་ཀུན་ལ་ཆ་རྒྱུས་ཡོད་པ་ཞིག་ཅིས་ནས་ཀྱང་བྱེད་དགོས་པ་འདུག སྐད་དང་ཡི་གེ་ནི་མི་རིགས་ཀྱི་སྲོག་རྩ་ཡིན་ཞིང་དགེ་རྒན་ནི་སྲོག་རྩ་དེ་མཐུད་མཁན་ཡིན་པས་རང་གཅིག་པུའི་བསམ་བློ་མི་གཏོང་བ་དང་ཉི་མ་འཁྱོལ་ཐབས་ཀྱི་སྙོམས་ལས་ཁོ་ནའི་ངང་དུ་མི་གནས་བར་རང་རིགས་ལ་ཞེན་པ་དཀར་པོའི་ལྷག་བསམ་ཀུན་ལས་ལྷག་པ་ཞིག་ལྡན་དགོས་པ་ནི་གནད་ཀྱི་དམ་པ་ཡིན། སློབ་ཆུང་གི་ལོ་རིམ་དང་པོ་ནི་ཁང་པའི་རྩིག་རྨང་ལྟ་བུ་ཡིན་པས་དེ་ལ་མཐོང་ཆུང་དང་ལས་སླ་པོའི་བསམ་བློ་མི་ཁུར་བ་དགེ་རྒན་ཤེས་བྱའི་རྨང་གཞི་ལེགས་ཤིང་འགན་ཁུར་གྱི་བསམ་པ་ཆེ་བ་རྣམས་བསྐོ་གཞག་བྱས་ཏེ་དང་པོ་ཉིད་ནས་འདོན་སྟངས་དང་བྲི་སྟངས་འགོ་ནས་མི་འཆུགས་པ་ཞིག་བྱེད་དགོས། དེ་ཡང་མཁན་གུ་ཚེས་ཨ་ཕའི་ཁ་ཕོ་གཙང་ཞེན་གྱིས་ཡུལ་སྐད་དང་ཁ་སྐད་དག་གཙོ་བོ་མི་འཛིན་པར་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མི་འགལ་བའི་ཚིག་གི་འགྲོས། དབྱངས་ཀྱི་འགྱུར་ཁུགས། གདངས་ཀྱི་མཐོ་དམན་སོགས་སྒྲ་དག་སྒྲོས་གཙང་གི་ཚད་ལྡན་ཞིག་གང་ནུས་ཅི་ལྕོག་གིས་འབད་པར་བྱེད་དགོས་ཞེས་གསུངས་པ་ནི་བདེན་དོན་རང་རེད་སྙམ།
སྤྱི་ཚོགས་སློབ་གསོ།
དེང་སང་བརྡ་འཕྲིན་ཅན་གྱི་དུས་རབས་སུ་བསླེབས་པས་སྤྱི་ཚོགས་ཡོངས་སུ་སློབ་མ་ཚོའི་ལུས་སེམས་གཉིས་ཀ་ལ་ཤུགས་རྐྱེན་ངན་པ་ཐེབས་པའི་བྱ་དངོས་གསར་པ་མང་པོ་བྱུང་དང་འབྱུང་བཞིན་ཡོད། ང་རང་གིས་དྲན་པ་ཙམ་གྱིས་ཡིད་སེམས་འཇིགས་སྣང་གིས་གང་བའི་གནས་ཚུལ་ཞིག་མཐོང་བྱུང་བ་འདི་ལྟར་ཏེ། བྱིས་པ་ལོ་བརྒྱད་དགུ་ཡན་མན་ཅན་ཞིག་གིས་རྩིས་འཕྲུལ་གྱི་ཐོག་ཏུ་དྲྭ་རྩེད་ཀྱི་རིགས་མཚོན་ཆ་སྣ་ཚོགས་བདམས་ནས་ཕ་རོལ་གྱི་དགྲ་བོ་རེ་རེ་བཞིན་རྩ་མེད་དུ་གཏོང་ཆོག་པའི་རྩེ་མོ་ཞིག་བྱེད་ཀྱིན་འདུག དེའི་ནང་དུ་སྔོན་ཐོན་ཅན་གྱི་མཚོན་ཆ་མང་པོ་ཞིག་ཡོད་ཀྱང་ཁོས་འདེམས་པའི་ལག་ཆ་ནི་རལ་གྲི་ཁོ་ན་རེད། ང་རང་ཡ་མཚན་ནས་རྒྱུ་མཚན་དྲིས་པའི་ཚེ། ཁོས་ང་རང་ལ་ངས་རལ་གྲི་ཁྱེར་ནས་དགྲ་བོ་དེ་ཚོའི་སྐེ་བཅད་དེ་ཁྲག་དམར་ཕྱུར་ཕྱུར་མཐོང་བའི་ཚེ་སེམས་ལ་སྔ་མེད་ཀྱི་ཡིད་ཚིམ་པའི་ཚོར་སྣང་སྐྱིད་པོ་ཞིག་འཆར་གྱིན་འདུག མཚོན་ཆ་གཞན་དག་སྤྱད་ན་དེ་འདྲའི་ཚོར་སྣང་མི་འདུག་ཅེས་བསམ་ཡུལ་ལས་འདས་པའི་སྐད་ཆ་དེ་བཤད་བྱུང་། ཀྱེ་མ་རང་རེའི་ཁོར་ཡུག་ཀུན་ཏུ་བསམ་ཚུལ་འདི་ལྟར་དུ་ལྡན་པའི་བྱིས་པ་ཇེ་མང་ནས་ཇེ་མང་དུ་ཕྱིན་ན་དེའི་མཇུག་འབྲས་ལ་བསམ་བློ་གཏོང་ཕོད་དམ། དེང་དུས་སྣ་མང་གློག་རྡུལ་གི་རྩེད་ཆས་དང་དྲྭ་རྩེད་སོགས་ཀྱིས་སློབ་མ་ཚོའི་ཡིད་སེམས་དབང་མེད་དུ་འགུག་བཞིན་ཡོད་ལ་ཁོ་ཚོ་རང་དབང་མེད་པར་དེའི་ཕྱོགས་སུ་གོམ་ཁ་བསྒྱུར་གྱིན་ཡོད།