སློབ་མའི་ཀུན་སྤྱོད་སློབ་གསོ།
ཀླུ་འབུམ་རྒྱལ། 2011-03-28
དེང་སྐབས་འཛམ་གླིང་གི་ཚན་རིག་ལག་རྩལ་དང་།ཤེས་རིག་དཔལ་འབྱོར་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བཞིན་ཡོད་ལ།ཕན་ཚུན་འགྲན་རྩོད་ཀྱི་རྣམ་པའང་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པས།སྐྱེ་དགུ་ཀུན་གྱིས་འཛམ་གླིང་ཞི་བདེ་ཡོང་བར་རེ་སྨོན་བྱེད་པའི་སྐབས་འདིར།སློབ་གསོ་ནི་རྒྱལ་ཁབ་འཕེལ་རྒྱས་དང་།མི་རིགས་དར་རྒྱས་འབྱུང་བའི་རྨང་གཞི་ཡིན་ལ།ཀུན་སྤྱོད་ལེགས་པོ་ཞིག་ཆགས་རྒྱུ་ནི་དེའི་གཞི་རྩ་ཡིན།ཀུན་སྤྱོད་སློབ་གསོ་དར་སྤེལ་དང་རྒྱུན་འཁྱོངས་བྱས་ན་ད་གཟོད་རྒྱལ་དམངས་ཀྱི་ཀུན་སྤྱོད་སྤུས་ཚད་མཐོར་འདེགས་སུ་གཏོང་ཐུབ་པ་མ་ཟད།མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཡར་སྐུལ་བྱེད་ཐུབ་པ་དང་།དཔལ་ཡོན་གཉིས་ཀྱི་འཛུགས་སྐྲུན་ལའང་སྐུལ་འདེད་གཏོང་ཐུབ།དེང་སྐབས་སྤྱི་ཚོགས་དང་ཁོར་ཡུག་གི་ཤུགས་རྐྱེན་སྣ་ཚོགས་ཁྲོད།སྤྱི་ཚོགས་སྟེང་གི་མི་དང་སློབ་གྲྭའི་ན་གཞོན་མང་བོའི་བསམ་བློ་ལའང་འགྱུར་ལྡོག་དང་ཤུགས་རྐྱེན་ཐེབས་ཀྱིན་ཡོད།དཔེར་ན།དགེ་རྒན་དང་ཕ་མ་ལ་གུས་བཀུར་མི་བྱེད་པར་ཁ་རྩོད་རྒྱག་པ་དང་།གཞན་ལ་ཚིག་རྩུབ་སྨྲ་བ་དང་།ཕྲ་མ་བྱེད་པ།རྐུ་འཕྲོག་གི་ལས་ལ་ཞུགས་པ།ཆང་དང་ཐ་མ་ཁ་ལ་སྤྱོད་པ་སོགས་སྤྱོད་ངན་སྣ་ཚོགས་འབྱུང་བཞིན་ཡོད་པས་སློབ་གྲྭས་ཀུན་སྤྱོད་སློབ་གསོ་སྤེལ་བ་ལ་དོན་སྙིང་གལ་ཆེན་ལྡན། སློབ་གཉེར་བྱེད་མུས་ཀྱི་སློབ་མ་སུ་ཞིག་ཡིན་རུང་།སྦྱང་བྱའི་གནས་དེ་དཔྱིས་ཕྱིན་པ་ཞིག་ཤེས་དགོས་ན།དང་ཐོག་ཁྱིམ་ཚང་སློབ་གསོ་ནས་བཙུགས་ཏེ་བློ་རིག་ལྡན་པར་བྱེད་དགོས།གང་ཞིག་ཉམས་སུ་བླངས་ནས་གཞན་ཕན་རང་མཁོ་དང་།ཅི་ཞིག་ཉེ་བར་བླངས་ན་གཞན་གནོད་རང་ཕུང་གི་རྒྱུ་རུ་འགྲོ་བའི་གནས་ལུགས་རྟོགས་པར་བྱས་ཏེ་སྦྱང་བྱའི་ཤེས་བྱ་ཀུན་ལ་སློབ་གཉེར་ལེགས་པོ་བྱེད་ཆེད།དུས་དང་རྣམ་པ་ཀུན་ཏུ་ལེ་ལོ་སྙོམས་ལས་ཀྱི་ངང་ཚུལ་སྤངས་ནས།ངང་བ་པད་མཚོར་འཇུག་པ་བཞིན་བརྩོན་པའི་གོ་ཆ་བགོས་ཏེ་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་སློབ་སྦྱོང་ལ་འབད་བརྩོན་བྱ་རྒྱུ་ནི་ཧ་ཅང་གལ་ཆེའོ།།གཞན་རང་གི་བསམ་བློའི་སྟེང་ཡང་སྦྱང་བྱ་ལ་ཤེས་འདོད་ཀྱི་མོས་གུར་ཆེ་བ་དང་།དགེ་རྒན་ལ་བརྩི་བཀུར།བློ་གཟུ་བོར་གནས་པར་སོགས་ཀྱི་ཆ་རྐྱེན་དེ་དག་ཀྱང་འཛོམས་དགོས་པར་མ་ཟད།དེ་དག་གི་ཀུན་སྤྱོད་བཟང་བོ་ཞིག་ཆགས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ།ཀུན་སྤྱོད་སློབ་གསོའི་ནང་དོན་ལ་ཡང་།རྒྱལ་གཅེས་ཡུལ་གཅེས་དང་།མི་ཚེའི་རིན་ཐང་།དགེ་རྒན་དང་ཕ་མ་ལ་གུས་བཀུར།གཤིས་བཟང་གཞུང་དྲངས་སོགས་ཀྱི་ཀུན་སྤྱོད་སློབ་གསོའི་དོན་ཡང་འདུས།
༡རྒྱལ་གཅེས་ཡུལ་གཅེས་ཀྱི་ཀུན་སྤྱོད་སློབ་གསོ།
མེས་རྒྱལ་གྱིས་གསོ་སྐྱོང་དང་སྐྱེད་སྲིང་བྱས་དང་བྱེད་བཞིན་པའི་སྐྱེ་བོ་སུ་ཞིག་ཡིན་རུང་མེས་རྒྱལ་ལ་དགའ་ཞེན་དང་།མེས་རྒྱལ་སྲུང་སྐྱོབ།ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་བཅས་ཕྱོགས་གང་གི་ཐད་ནས་ཀྱང་བསྐལ་པ་བཟང་བོ་མངོན་པར་ཤར་བའི་འབྱུང་ཁུངས་ལ་ངོས་འཛིན་ཡང་དག་པ་ཞིག་འབྱུང་ཆེད་མེས་རྒྱལ་གྱི་དོན་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དང་།མེས་རྒྱལ་གྱི་འཛུགས་སྐྲུན་སོགས་ལ་བྱས་རྗེས་ཁྱད་པར་ཅན་བཞག་པའི་ལག་རྩལ་པ།མི་རིགས་སློབ་གསོའི་བྱ་བར་མི་ཚེ་ཧྲིལ་བོ་ཕུལ་བའི་མཁས་པ་སོགས་ཀྱི་ལོ་རྒྱུས་དང་མཛད་རྗེས་དཔེ་རུ་དྲངས་ནས་སློབ་གསོ་བཏང་སྟེ་ན་གཞོན་སློབ་མ་རྣམས་མེས་རྒྱལ་ལ་དགའ་ཞེན་དང་།ཏང་གི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ཕྱོགས་ལ་གོང་བཀུར།མི་དམངས་ལ་ཞབས་འདེགས་ཞུ་བ།མེས་རྒྱལ་གྱི་འཛུགས་སྐྲུན་དང་དར་རྒྱས།ཕྱོགས་ཡོངས་ནས་འབྱོར་འབྲིང་འཚོ་བ་མངོན་འགྱུར་བྱེད་ཆེད་འབད་བརྩོན་གྱི་ཕུགས་བསམ་ལྡན་པ།ཕ་ཡུལ་ལ་དགའ་ཞེན་དང་།ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ།འཛུགས་སྐྲུན་བཅས་ལ་བློ་ཁ་ཕྱོགས་པ།མི་རིགས་ཀྱི་སྤོབས་སེམས་དང་རང་བཀུར་གྱི་བསམ་པ་ལྡན་དགོས་པ་སོགས་ཀྱི་སློབ་གསོ་གཏོང་རྒྱུ་གལ་ཆེན་དུ་འཛིན་དགོས།
༢མི་ཚེའི་རིན་ཐང་གི་ཀུན་སྤྱོད་སློབ་གསོ།《ས་སྐྱ་ལེགས་བཤད་》ལས།རྟག་ཏུ་གཞན་དོན་མི་སེམས་པ།དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས།བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་།སྤྱོད་པར་ཤེས་པ་མ་ཡིན་ནམ།ཞེས་དང་།རྗེ་ཤེས་རབ་རྒྱ་མཚོའི་བསླབ་བྱ་《ཉིན་མོའི་སྣང་བ》ཞེས་པ་ལས་ཀྱང་།འདོད་འཇོ་ནོར་ལས་ལྷག་པའི་མི་ལུས་འདི།རླུང་གི་དཀྱིལ་ན་གནས་པའི་མར་མེ་བཞིན།མྱུར་བར་ཤི་ན་ཅི་ཞིག་བགྱིད་སྙམ་དུ།འཇིགས་ཤིང་སྐྲག་པའི་བྲེལ་འཚུབ་མི་ཟད་པས།མི་ལུས་དོན་ཡོད་བྱ་བ་འདུན་མའི་ཕུལ།ཞེས་གསུངས་པ་བཞིན་མི་ཚེ་འདིར་འགྲོ་ཐབས་འདུག་ཐབས་དང་།ཉི་མ་འཁྱོལ་ཐབས།ལྟོ་བ་འགྲང་ཐབས་ཙམ།གོས་འཚོལ་ཐབས་ཙམ་བྱེད་པ་ལ་སྙིང་བོ་ཅི་ཡང་མེད་པས།རང་གི་ཚད་ཡོད་པའི་མི་ཚེ་དེས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་སྒྲུབ་པ་དང་།སྤྱི་ཚོགས་འཕེལ་རྒྱས་དང་ཕ་ཡུལ་འཛུགས་སྐྲུན།མི་རིགས་ཡར་ཐོན་བཅས་ཀྱི་ཆེད་དུ་སེམས་ཁུར་དང་དཀའ་ངལ་དང་ལེན་སྒོས་འབད་འབུངས་ལྷོད་མེད་བྱས་ན་རང་གི་མི་ཚེ་དེ་དོན་དང་ལྡན་པར་འགྱུར་ལ།རྗེས་རབས་པའི་མིག་དཔེ་བལྟ་ས་དང་སློབ་སྦྱོང་བྱེད་ཡུལ་དུའང་འགྱུར་བས་མི་ཚེ་དོན་ལྡན་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ།དེ་ལས་ལྡོག་སྟེ་ཚེ་གང་བོར་རང་དོན་འབའ་ཞིག་ལ་ཕྱོགས་པ་དང་།མི་ཚེའི་རིན་ཐང་ལ་ལྟ་བ་ཡང་དག་ཅིག་མེད་ན་ལས་རིགས་གང་ཞིག་གཉེར་ཡང་ཐུན་མོང་སྤྱི་ལ་ཕན་པའི་ལག་རྗེས་བཟང་བོ་ཞིག་འཇོག་པ་ནི་ནམ་མཁའི་པདྨོའི་རྗེས་འགྲོ་ཁོ་ན་དང་།སྒེར་སེམས་ཆེ་བའི་མི་དེས་རིག་གནས་ཤེས་བྱ་དང་ལག་རྩལ་གང་ཞིག་སྦྱངས་ཀྱང་རང་ཉིད་ཀྱི་ལྟོ་གོས་ཁོ་ནའི་ཆེད་དུ་བསམས་ནས་ཚེ་གང་བོར་རང་གཅིག་པུའི་བདེ་བ་ལ་མགོ་འཁོར་ཏ་སྤྱི་སེམས་དོར་ཏེ་སྒེར་སེམས་ཁོ་ན་དོན་དུ་གཉེར་བ་ནི་མི་ཚེ་སྟོང་ཟད་དུ་བཏང་བ་ཡིན་ཏེ།《སྤྱོད་འཇུག》ལས།འདི་འདྲའི་དལ་རྟེན་རྙེད་གྱུར་ནས།བདག་གིས་དགེ་གོམས་མ་བྱས་ན།འདི་ལས་བསླུས་པ་གཞན་མེད་དེ།འདི་ལས་རྨོངས་པའང་གཞན་མེད་དོ།ཞེས་གསུངས་པ་བཞིན་རང་གིས་རང་མི་བསླུ་བ་དང་རང་ཉིད་རྨོངས་མུན་གྱི་དྲ་རྒྱར་མི་ཚུད་པའི་ཕྱིར་དུ་ཡང་དག་པའི་གནས་ལུགས་ཀྱི་སྒོ་ནས་སློབ་གསོ་གཏོང་དགོས།
༣དགེ་རྒན་དང་ཕ་མ་སོགས་ལ་གུས་བཀུར་བྱེད་པའི་ཀུན་སྤྱོད་སློབ་གསོ།
《བྱང་ཆུབ་ལམ་རིམ་ཆེན་མོ》ལས།སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན་ཞེས་གསུངས་པ་ལྟར་དགེ་རྒན་ནི་རང་ཉིད་ཀྱི་མདུན་ལམ་གསར་སྐྲུན་བྱེད་མཁན་དང་།སྐྱོན་གྱི་དགྲ་མགོ་རྡུང་བའི་ཐོ་བ།མ་རིག་རྨོངས་པ་སེལ་བའི་སྒྲོན་མེ།ཤེས་བྱའི་ནུ་ཞོ་སྦྱིན་པའི་མ་མ་ལྟ་བུ་ཡིན་པས་དགེ་རྒན་ལ་བསམ་སྦྱོར་གཉིས་ཀྱིས་བཀུར་སྟི་བཟང་བོ་བྱེད་པ་ཤིན་ཏུ་གལ་ཆེ།《དཔེ་ཆོས་རིན་ཆེན་སྤུངས་པ》ལས།འོ་སྐོལ་དང་པོ་ཙ་ན་ཅི་ཡང་མི་ཤེས་པ་བ་ལང་དང་འདྲ་བ་དེ།ད་ལྟ་བྱེད་སྙིང་འདོད་ཙམ་ན་ཅི་ཡང་ཤེས་ཤིང་རིག་པ་དང་ལྡན་པ་འདི་བླ་མའི་བཀའ་དྲིན་ཡིན།སྔར་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་ཀྱང་བླ་མའི་བཀའ་དྲིན་ཡིན།དེ་ལྟ་བུའི་བཀའ་དྲིན་ནི་རང་ཉིད་ཀྱི་ལུས་རྟེན་བསྐྲུན་པའི་ཕ་མ་ལས་ཀྱང་ལྷག་གོ་སྙམ་པའི་སྒོ་ནས་བླ་མའམ་དགེ་རྒན་ལ་གུས་བཀུར་བྱེད་དགོས་པའི་ཚུལ་གསུངས་པ་ལྟར།གནས་དུས་གང་གི་སྐབས་སུའང་མངོན་ལྐོག་མེད་པར་དགེ་རྒན་ལ་གུས་བཀུར་དང་།དགེ་རྒན་གྱི་བཀའ་གསུང་ཅི་སྒྲུབ།དགེ་རྒན་གྱི་དཔེ་ཁྲིད་ཟབ་ཉན་བྱེད་དགོས་ལ།དེ་ལས་ལྡོག་སྟེ།དགེ་རྒན་ལ་དམའ་འབེབས་དང་།འཁོན་འཛིང་བྱེད་པ།མཚང་འབྲུ་བའམ་ཁ་མིང་སྣ་མིང་འདོགས་པ་སོགས་བྱེད་མི་རུང་སྟེ།《ལྔ་བཅུ་བ》ལས།སློབ་དཔོན་ལ་ནི་སྨན་པ་དེ།ཡམས་དང་མཛེ་དང་ནད་རྣམས་དང་།།གདོན་དང་རིམས་དང་དུག་རྣམས་ཀྱིས།རྨོངས་ཆེན་དེ་ནི་འཆི་བར་འགྱུར།ཞེས་པ་དང་།《དགྲ་ནག་གི་དཀའ་འགྲེལ》ལས།ཚིགས་བཅད་གཅིག་ཙམ་མཉན་པ་ལ།གང་གི་བླ་མར་མི་འཛིན་པ།ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ནས།སྨེ་ཤ་ཅན་དུ་སྐྱེ་བར་འགྱུར།ཞེས་གསུངས་པ་སོགས་དགེ་རྒན་ཚུལ་བཞིན་བསྟེན་པ་དང་གུས་བཀུར་བྱས་པའི་ཕན་ཡོན།མ་བསྟེན།པའམ་མ་གུས་པའི་ཉེས་དམིགས་སོགས་ལུང་དང་རིགས་པའི་སྒོ་ནས་སློབ་གསོ་གཏོང་དགོས།དེ་ཡང་ཕ་མ་ལ་གུས་བཀུར་བྱེད་ཚུལ་ཡང་ཐོག་མར་ཕ་མའི་བཀའ་དྲིན་ཤེས་དགོས་ཏེ།《ཀུན་བཟང་བླ་མའི་ཞལ་ལུང་》ལས།འོ་སྐོལ་དང་པོ་བཙས་མ་ཐག་འབུ་སྲིན་ལྟ་བུ་འཇིགས་པ་སྐྱུག་བྲོ་བ་དེ་མས་བརྩེ་བས་པང་དུ་བླངས།ཤའི་དྲོད་ལ་བླན།མར་གྱི་ལྡེ་གུ་བྱིན།ནུ་ཞོ་རན་པར་བླུད།བྱམས་པའི་མིག་གིས་བལྟས།སྙན་པའི་ཚིག་གིས་བྲིད།ཟས་ཐམས་ཅད་ལྕེས་བསྙེད།མི་གཙང་བ་ཐམས་ཅད་ལག་པས་ཕྱིས།འཆི་བའི་སྲོག་ལས་བསྐྱབས་ཞེས་གསུངས་པ་བཞིན་ཕ་མས་ཆུང་དུས་ནས་རང་མགོ་འཁྱོངས་པའི་བར་དུ་དྲིན་གྱིས་བསྐྱངས་པ་ཡང་ཡང་བསམ།ཕ་མ་དྲིན་ཆེ་བའི་ངེས་པ་རྙེད་ནས་ཚུལ་འཆོས་ཙམ་མ་ཡིན་པར་ལྷག་བསམ་རྣམ་དག་གི་སྒོ་ནས་ཕ་མ་ལ་གུས་བཀུར་དང་ཕ་མའི་རེ་བ་སྟོང་ཟད་དུ་གཏོང་མི་འོས་པ་འདི་ཡང་ཧ་ཅང་གལ་ཆེ་བའི་གནས་སོ།།