སློབ་གསོ་ནི་རྗེས་ལུས་ཀྱི་ཞྭ་མོ་འདོར་བྱེད་ཡིན།(2)

སྐལ་བཟང་ཐུབ་བསྟན་གྱིས་        2011-03-28


དེའི་རྐྱེན་གྱིས་བུ་ཕྲུག་སློབ་གྲྭར་བསྐྱལ་ཚར་བ་ནས་བཟུང་སྟེ་དེའི་རྗེས་ལ་ལྟ་རྟོག་རྗེས་གསུམ་མ་བྱས་ནས་བསྐྱུར་བཞག་པ་རེད།   བུ་ཕྲུག་ཕལ་ཆེར་ཡང་རང་གཅུན་གྱི་བསམ་པ་བྲལ་བས་སློབ་ཁྲལ་སེལ་གང་ཐུབ་དང་དུས་ཚོད་འདའ་གང་ཐུབ་བྱས་པས་ཡོན་ཏན་ཆེན་པོ་མི་ལོབས་བའི་ཐོག་མི་ཚེ་རྣམ་གཡེང་ངང་བཏང་ཀྱང་ཡིད་སེམས་ཕམ་སྣང་མེད།   དེས་ན་རང་རེའི་ཕ་མ་ཚོས་ཡོན་ཏན་སྦྱོང་བ་དང་མི་སྦྱོང་བ་གཉིས་མི་འདྲ་ཞིང་།   ཡོན་ཏན་གོ་ཆོད་པ་ཞིག་སྦྱོང་པ་དང་ཡོན་ཏན་སྦྱོང་བ་ཙམ་མི་འདྲ་བ་ལེགས་པར་ཤེས་དགོས་པ་དང་།    ད་ལྟ་དང་མ་འོངས་པར་ཤེས་བྱ་རིག་གནས་ཀྱི་ནོར་བུས་ཡོངས་སུ་དབུལ་བའི་མི་དེ་ནི་མི་ལུས་རིན་ཆེན་གླིང་དུ་བསླེབས་ནས་ལག་སྟོང་པར་ཕྱིར་ལོག་པ་མ་ཟད་བྱ་བ་ཀུན་ལ་འཇུག་ལྡོག་གི་ཤེས་རབ་མིག་ཡངས་ཀུན་ནས་སྒྲིབ་པས་མི་ཚེ་དོན་མེད་དུ་འགྲོ་བ་ལས་འོས་མེད་ཅིང་རྒྱུ་ཟད་ཁང་ལ་གཏུག་ཀྱང་བུ་ཕྲུག་ཚོ་འཇོན་ཐང་ལྡན་པ་ཞིག་བྱའོ་སྙམ་པའི་སྙིང་སྟོབས་ཁོང་དུ་བཅངས་ནས་གོ་སྐབས་བཟང་པོ་འདི་འདྲ་བ་ཆུད་ཟོས་སུ་མི་གཏང་བར་དམིགས་སོ་གཅིག་ལ་གཏད་པ་གལ་ཤིན་ཏུ་ཆེའོ།།
ཁྱིམ་ཚང་སློབ་གསོའི་སྐོར།
བྱིས་པ་བཟང་པོ་ཞིག་འགྱུར་ཐུབ་མིན་ནི་ཁྱིམ་གྱི་སློབ་གསོ་ཚད་ལྡན་ཡོད་མེད་ལ་རག་ལས་ཡོད་ཅིང་དེང་སང་ཞིང་འབྲོག་ས་ཁུལ་གྱི་ཕ་མ་མང་ཆེ་བ་ཞིག་གིས་བུ་ཕྲུག་སློབ་གྲྭར་བསྐྱལ་ཚར་བ་ནས་བཟུང་སྟེ་དེ་ནས་དངོས་ཟོག་ཅིག་བཅོལ་བ་ནང་བཞིན་ཡོད་ཚད་སློབ་གྲྭ་དང་དགེ་རྒན་ལ་བཅོལ་ནས་རང་ཉིད་ཁ་རོག་གེར་བསྡད་པའི་གནས་ཚུལ་ངན་པ་ཞིག་མཐོང་གི་འདུག དེ་ཡང་མཁན་གུར་ཚེས་གང་དང་སུ་ལྟ་བུ་ཞིག་ཡིན་ན་ཡང་བསམ་པའི་ཀུན་སློང་དང་སྤྱོད་པའི་འཁྱེར་སོ་སོགས་མང་པོ་ཞིག་འཚོ་སྡོད་བྱེད་སའི་ཁོར་ཡུག་དང་ཆེས་འབྲེལ་བ་ཆེ་བས་སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན་རང་ཉིད་ཀྱི་འཚོ་གནས་ཕ་ཡུལ་ཏེ་རང་ཁྱིམ་དང་སློབ་གྲྭ་གཉིས་ལས་མེད་ལ། ཁྱིམ་ཚང་གི་གོམས་གཤིས་བཟང་ངན་གྱིས་བྱིས་པ་དག་ལ་བཟང་ངན་གྱི་ཤན་ཤུགས་ཐེབས་ཀྱིན་ཡོད་པ་རེད། ཁྱིམ་གྱི་སློབ་གསོ་ཡག་པོ་ཞིག་སྒྲུབ་རྒྱུ་ནི་བྱིས་པ་འཇོན་ཐང་ཅན་ཞིག་གི་ཐབས་མཆོག་ཏུ་གྱུར་པ་ཞིག་ཡིན་ཏེ། འཇིག་རྟེན་པའི་ཁ་དཔེ་ལའང་། བུ་ཕྲུག་ཕ་མའི་ལག། སྒོ་ཁྱི་བདག་པོའི་ལག། ཅེས་པ་ལྟར་བུ་ཕྲུག་བཟང་ངན་ཕ་མ་ལ་རག་ལས་ཡོད་པ་ཞིག་རེད། ཅེས་གསུངས་ཤིང་ཕ་མ་གཉིས་ཀྱིས་ཕྲུ་གུ་ཚོར་ཀུ་ཤུ་བགོས་པའི་མཚར་གཏམ་གཉིས་ཀྱི་སྒོ་ནས་ཕ་མས་སློབ་གསོ་བྱེད་སྟངས་བཤད་ཡོད་དེ།   ཨ་མ་གཅིག་གིས་ཀུ་ཤུ་དམར་ཞིང་ཆེ་བ་ཞིག་དང་དེ་ལས་ཆུང་བ་ཞིག་ཁྱེར་ཡོང་ནས་གཅེན་མོ་དང་ནུ་བོ་གཉིས་ལ་གང་དགོས་ཞེས་དྲིས་ཚེ། གཅེན་མོས་དམར་ཞིང་ཆེ་བ་དེ་དགོས་ཞེས་བཤད་འདོད་སྐྱེས་ཀྱང་དེ་མ་ཐག་ཏུ་ནུ་བོས་ཁོས་བཤད་འདོད་པའི་སྐད་ཆ་དེ་སྔོན་ལ་བཤད་པ་རེད། ཨ་མས་ཁོ་གཉིས་ལ་བལྟས་ཏེ། བྱིས་པ་བཟང་པོས་དངོས་པོ་བཟང་པོ་གཞན་ལ་སྟེར་བ་ལས་ནམ་ཡང་རང་ཉིད་ཁོ་ན་བསམ་ག་ལ་རུང་ཞེས་ལེ་འདེད་བྱེད་སྐབས།  གཅེན་མོས་དེ་མ་ཐག་ཏུ་རང་གི་བཤད་འདོད་པའི་སེམས་སྟེང་གི་སྐད་ཆ་ངོ་མ་གཞན་དུ་བསྒྱུར་ཏེ་ཨ་མ་ང་ལ་ཆེས་ཆུང་བ་དེ་དགོས་ཀུ་ཤུ་ཆེས་ཆེ་བ་དེ་ནུ་བོ་ལ་བྱིན་ཞེས་བཤད་པ་རེད། ཨ་མ་ཧ་ཅང་དགའ་ནས་གཅེན་མོའི་ངོ་ལ་འོ་ཞིག་བྱས་ནས་དམར་ཞིང་ཆེ་བའི་ཀུ་ཤུ་དེ་ཁོ་ལ་དགའ་རྟགས་སུ་བྱིན་པས་ཁོས་འཐོབ་འདོད་པའི་དངོས་པོ་དེ་ཐོབ་ཐེངས་དེ་ནས་བཟུང་རྫུན་བཤད་འགོ་ཚུགས་ནས་རིམ་བཞིན་འཁོན་འཛིན་དང་། རྐུ་འཕྲོག་བྱེད་རྒྱུ་སོགས་ཀྱང་གོམས་ནས་མཐར་བཙོན་ཁང་དུ་བསྡད་དགོས་བྱུང་བ་རེད།  ཨ་མ་ཅིག་ཤོས་དེས་གཅེན་པོ་དང་ནུ་བོ་གཉིས་ལ་ཀུ་ཤུ་ཆེས་ཆེ་ཞིང་དཀར་ལ་ཞིམ་ཤ་འཛོམས་པ་དེ་མི་སུ་ཡིན་ཡང་འཐོབ་འདོད་ཡོད་ངེས་རེད། ད་ལྟ་འུ་ཅག་གིས་འགྲན་བསྡུར་ཞིག་བྱེད། འུ་ཚང་གི་སྒོ་ཁའི་རྩྭ་ར་དེ་རང་མ་བུ་གསུམ་ལ་དུམ་བུ་རུ་བགོས་ཏེ་སུས་འབྲེག་བཅོས་བྱས་པ་མགྱོ གས་ཤིང་བཟང་ན་ཀུ་ཤུ་དེ་དེ་ལ་བྱིན་རྒྱུ་ཡིན་ཞེས་བཤད་དེ་ཁོང་མ་བུ་གསུམ་གྱིས་འབྲེག་བཅོས་འགྲན་བསྡུར་བྱས་པའི་འབྲས་བུ་ལ་ཀུ་ཤུ་བཟང་བ་དེ་གཅེན་པོ་ལ་ཐོབ་པ་རེད།   ཨ་མ་དེས་ཆེས་སྟབས་བདེའི་ངང་ནས་ཆེས་བཟང་པོ་ཐོབ་འདོད་ན་ངེས་པར་དུ་ཧུར་ཐག་གིས་ཨང་དང་པོ་འགྲན་བསྡུར་བྱེད་དགོས་པའི་ཆེས་གལ་ཆེ་བའི་གནས་ལུགས་དེ་བསྟན་པས་མཐར་གཅེན་པོ་དེ་མི་འཇོན་ཐང་ལྡན་པ་ཞིག་ཏུ་གྱུར་པ་རེད།  ཕ་མ་ནི་བྱིས་པའི་མི་ཚེའི་དགེ་རྒན་ཨང་དང་པོ་ཡིན་པས་བྱིས་པར་རྫུན་གྱི་སྐད་ཆ་དང་པོ་ཁྲིད་ཆོག་ལ། གཞུང་དྲང་དང་ནམ་ཡང་ཨང་དང་པོ་འགྲན་ལེན་བྱེད་ནུས་པའི་མི་ཞིག་སྐྱེད་སྲིང་ཡང་བྱས་ཆོག་གོ།  དངོས་གནས་ཐབས་ལམ་བཟང་པོ་འདི་འདྲ་བ་ཞིག་གིས་བྱིས་པ་དག་གི་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ཡག་པོ་ཞིག་ཆགས་སུ་འཇུག་རྒྱུ་ནི་ཕ་མ་རྣམས་ཀྱི་མ་བསྐོས་ཁུར་དུ་བབ་པའི་འོས་འགན་ཞིག་ཡིན་པ་རེད། ཅེས་འཁོད་འདུག
  • ལེ་ཚན་སྔོན་མ།:ཟུར་ངོས་གང་རུང་ནས་བོད་ཀྱི་སློབ་ཆེན་དགེ་རྒན་ཚོ་གླེང་བ།
  • ལེ་ཚན་རྗེས་མ།:སློབ་མའི་ཀུན་སྤྱོད་སློབ་གསོ།
  • དོ་སྣང་ཆེ་བའི་རྩོམ།