སེམས་ཀྱི་ཉི་ཟླ་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉ། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ།(4)

བཀྲ་ཤིས་ཀྱིས།        2011-10-31


     རྒྱུ་མེད་པ་ལ་འབྲས་ཡོད་པ།།ཤེས་ལྡན་གང་གིས་བསྒྲུབ་པར་ནུས་ཞེས་པ་ནི་འབྲས་བུ་གང་ཞིག་སྨིན་དགོས་ན་དེ་དང་འཚམ་པའི་རྒྱུ་ལེགས་པོ་ཞིག་ལྡན་དགོས་པའི་དོན་རེད།གླུ་བྲོ་ལ་ལྷན་སྐྱེས་ཀྱི་སྤོབས་པ་དང་སྦྱར་བྱུང་གི་འབད་རྩོལ་མཆིས་པས་སྤྱི་ལོ་ཆིག་སྟོང་དགུ་བརྒྱ་གོ་ལྔ་ལོར་དབྱངས་ཅན་ལྷ་མོ་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་འབྱོར་བའི་གོ་སྐབས་ཐོབ་པས་མི་ཚེའི་ལྟ་བ་དང་འཇིག་རྟེན་ལྟ་ཚུལ་བཅས་ལ་འཕོ་འགྱུར་ཆེན་པོ་བྱུང་སྟེ་རང་ཉིད་ཀྱི་མི་ཚེའི་འགྲོ་ལམ་ལ་སླར་ཡང་བསམ་གཞིག་མཛད།མི་ཚེ་འདིའི་འགྲོ་ལམ་ཀྱི་ཁ་ཕྱོགས་བསྒྱུར་བའི་དུས་ནི་ཁོ་རང་ཁྲི་འདུ་རུ་རྒྱལ་སྤྱིའི་བརྙན་འཕྲིན་དུས་ཆེན་ཞིག་ལ་ཞུགས་པའི་སྐབས་སི་ཁྲོན་རོལ་མོའི་སློབ་གླིང་རྒྱུགས་སྤྲོད་ཆོག་པའི་གཏམ་བཟང་གོ་ཐོས་བྱུང་བས་ཐེ་ཚོམ་ཅི་ཡང་མེད་པར་རྒྱུགས་འཕྲོད་མིན་བལྟ་རུ་སོང་།སྐབས་དེ་དུས་ཁོང་གིས་རོལ་མོའི་སློབ་གླིང་དུ་ཡང་སྙིང་ཅི་ཞིག་སྦྱོང་དགོས་པའང་གསལ་ཆ་མེད་མོད།རྫ་རིའི་ཁོང་གསེང་དུ་ལྷུང་ལྷུང་དལ་གྱིས་འབབ་པའི་ཆུ་ཕྲན་ལྟ་བུའི་ངག་སྙན་པོ་དང་བཅོས་མིན་གཉུག་གཤིས་ལྡན་ལ་རིག་པ་གྲུང་པོར་དོད་པའི་བོད་པའི་བུ་མོ་ཞིག་གིས་དགེ་རྒན་རྣམས་ཀྱི་ཡིད་སེམས་འཕྲོག་སྟེ་འདོད་དོན་ཡིད་བཞིན་དུ་གྲུབ།དུས་དེ་ནས་བཟུང་གླུ་དབྱངས་ནི་རང་ཉིད་ཀྱི་ཚེ་སྲོག་གི་ཆ་ཤས་སུ་བསྒོམས་པའི་བོད་པའི་བུ་མོ་རེ་བ་ཅན་ཞིག་གིས་རོལ་དབྱངས་སྒྱུ་རྩལ་གྱི་རྒྱ་མཚོ་ཆེན་པོ་རུ་བརྩོན་འགྲུས་ཀྱི་གྲུ་གཟིངས་ལ་བརྟེན་ནས་སེམས་ནས་འདོད་པའི་ཡིད་བཞིན་ནོར་བུ་ལག་ཏུ་ལོན་ཐབས་བྱས།སྒྱུ་རྩལ་ནི་འཚོ་བ་ལས་བྱུང་ཡང་འཚོ་བ་ལས་ཐོད་རྒལ་ཅན་དང་ཁྱད་དུ་འཕགས་པ་ཞིག་ཡིན་ལ་ཕ་ཡུལ་དུ་དར་ཞིང་ཁྱབ་པའི་དམངས་ཁྲོད་ཀྱི་གླུ་དང་གཞས་ནི་ཁོ་རང་གི་སྒྱུ་རྩལ་གྱི་ཆུ་འགོ་ལྟ་བུ་ཡིན་པའི་གནས་ལུགས་དེ་གསལ་ལེར་ཤེས་པས་ཡང་དང་བསྐྱར་དུ་ཕ་ཡུལ་དུ་ལོག་ནས་དམངས་གླུ་དང་དམངས་གཞས་མང་པོ་འཚོལ་སྡུད་བྱས་པ་མ་ཚད་དེ་ལ་གསོན་ཤུགས་གསར་པ་སྣོན་ཏེ་སྔ་ཕྱི་རུ་སྒྲོལ་མའི་ཕ་ཡུལ་དང་སེམས་ཀྱི་ཉི་ཟླའི་བུ་མོ།སེམས་ཀྱི་ཉི་ཟླར་ལྷན་དུ་འཛོམས།དབྱངས་ཅན་གྱིས་གླུ་དབྱངས་ལེན།མཛེས་པའི་ལུག་རྫི་བུ་མོ།ཟླ་འོད་ཁྲོད་ཀྱི་འབའ་གཞས་སོགས་ཚིག་ཉུང་ལ་དོན་ཟབ་པ།གདངས་དབྱངས་ཀྱི་འགྲོས་མཉམ་པ།ལེན་སླ་ཞིང་འཛིན་བདེ་བའི་ཁྱད་ཆོས་ལྡན་པའི་འཛོམས་གླུ་དང་ཡུལ་སྲོལ་གོམས་འདྲིས་ཀྱི་གླུ།བརྩེ་གླུ།སྐྱོ་གླུ།སྨོན་གླུ་བགྲང་ལས་འདས་པ་བླངས་པས་བོད་མི་ཀུན་ལ་བསམ་པའི་རྒྱགས་ཕྱེ་ངོམས་སུ་རི་བ་སྤུངས་ཡོད།
  • ལེ་ཚན་སྔོན་མ།:གླུ་མ་འཇམ་དབྱངས་སྐྱིད།
  • ལེ་ཚན་རྗེས་མ།:མཚོ་བྱུང་སྲས་མོ་དཔའ་རིས་བ་རིག་འཛིན་སྒྲོལ་མ།
  • དོ་སྣང་ཆེ་བའི་རྩོམ།