སེམས་ཀྱི་ཉི་ཟླ་ནས་འཕུར་བའི་དཔྱིད་ཀྱི་ཕོ་ཉ། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མོ།(3)

བཀྲ་ཤིས་ཀྱིས།        2011-10-31


     བདག་ནི་བདག་གི་མགོན་ཡིན་ཞིང་།གཞན་ལྟ་སུ་ཞིག་མགོན་དུ་འགྱུར།།ཞེས་པ་པ་ལྟར་མི་ཞིག་གི་མི་ཚེའི་ལས་དབང་ནི་རང་ཉིད་ཀྱི་བསམ་སྦྱོར་ལ་རག་ལས་པ་ལས་སུ་ཞིག་གིས་ཕྱག་ཟུང་བརྐྱངས་ཏེ་དབུལ་པོའི་གཡང་གཟར་ལས་སྐྱོབ་མི་ཐུབ་ལ་གང་ཞིག་གིས་ཀྱང་མཐུ་ནུས་བསྒྲུབས་ཏེ་རང་བཞིན་གྱིས་གྲུབ་པ་ཞིག་མི་སྲིད།ནང་སྒོས་སུ་ཕ་མེས་ཀྱི་ཤུལ་དུ་བཞག་པའི་གླུ་གར་དང་བཅས་པའི་སྒྱུ་རྩལ་གྱི་རིག་གནས་ལ་འཚོལ་རྟོག་གནང་བའི་རིགས་ཀྱི་བུ་དང་བུ་མོ་ཚོ་ལ་ཆ་བཞག་ན་འཚོ་བའི་དཀའ་ངལ་གྱི་འཕྲང་ལམ་བརྒྱུད་དགོས་ལ་ཁྲ་ཁྲ་རིག་རིག་གི་འགྲོ་ལམ་སྣ་ཚོགས་ཀྱི་ནང་ནས་གདམས་ག་མཛད་དགོས་པས་གཉེར་པར་བྱ་བའི་དོན་གང་ལ་ཕྱིར་མི་ལྡོག་པའི་མོས་པ་ཡོད་དགོས་པ་དང་གཅིག གཉིས་ནི་བསྟོད་སྨད་ཀྱི་གཏམ་སྙན་མིན་ཅི་ཡིན་རུང་བཏང་སྙོམས་སུ་བཞག་པའི་ཁོག་རྒྱ་ཡོད་དགོས་པ་དང་།གསུམ་ནི་བྱ་བ་གང་ཞིག་ལེགས་གྲུབ་ཡོང་བར་རྐྱེན་ངན་གྲོགས་སུ་བསྒྱུར་བའི་བློ་སྤོབས་དང་ང་རྒྱལ་ཡོད་དགོས།དོན་གསུམ་དེ་འཛོམས་ན་བྲག་སྐས་མེད་ལ་སྐས་བཙུགས་པ་ལྟར་སྒྱུ་རྩལ་གྱི་ཕོ་བྲ
     ང་གི་དྲུང་དུ་རྡོ་སྐས་བརྟན་པོ་ཞིག་འཛུགས་པ་རེད།
     དེ་སྔོན་བོད་མི་རྣམས་གནས་བཅས་པའི་ཡུལ་ནི་འགྲིམ་འགྲུལ་མི་བདེ་ལ་གནམ་གཤིས་རྩུབ་ཅིང་།འཕྲིན་བརྡ་དོགས་པ་དང་རྙིང་ཞེན་གྱི་འདུ་ཤེས་འཚུབ་པ་བཅས་ཀྱི་དབང་གིས་བོད་ཀྱི་གླུ་པ་དང་གླུ་མ་མང་ཤོས་ལ་ཆུང་དུས་ནས་རིག་གནས་ཀྱི་བདུད་རྩི་མྱོང་པའི་གོ་སྐབས་མེད་ལ་ཆེད་སྦྱོང་གི་གནས་ལ་གོམས་ཤིང་ལོབ་པའི་དུས་ཚོད་ནི་དེ་བས་ཀྱང་ཉུང་།དབྱངས་ཅན་ལྷ་མོའང་དེ་ལས་མ་འདས།གནས་མཆོག་ཤམ་བྷ་ལའི་ཞིང་ཁམས་ལྟ་བུའི་ཡུན་ནན་བདེ་ཆེན་དུ་ཕ་མ་གཉིས་ཀྱི་ལས་འབྲས་སུ་སྨིན་པ་ནས་བཟུང་།ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་བཟང་པོ་རྣམས་ཁོང་གི་ལུས་སེམས་གཉིས་ལ་ཁྱབ་ཡོད་དེ།ལྷད་མེད་དྭངས་གཙང་གངས་ཆུ་ལྟ་བུའི་སེམས་པ་དང་ངང་རྒྱུད་འཇམ་ལ་ལྷོད་ཆགས་ལྡན་པའི་གཤིས་ཀ།སྙན་ཞིང་འཇེབས་ལ་ཕོ་མོ་རྒན་གཞོན་སུས་ཐོས་ཀྱང་ཡིད་དབང་འཕྲོག་པའི་ངག་བདེ་མོ་བཅས་རང་བཞིན་གྱིས ་གྲུབ་ཡོད།དེ་ནི་བཀའ་དྲིན་ཅན་གྱི་མེས་པོས་གནང་བའི་ཟད་རྒྱུ་མེད་པའི་རྒྱུ་ནོར་ཞིག་ལགས།ལྷན་སྐྱེས་སུ་གནས་པའི་གཤིས་རྒྱུད་བཟང་པོ་དང་གླུ་བྲོ་ལ་དགའ་བའི་གཤིས་ཀ་བཅས་ཕ་མ་དང་བཅས་པས་གཟིགས་སྐྱོང་གནང་བའི་དྲིན་གྱིས་རིམ་བཞིན་དུ་མགྲིན་ངག་ཁུ་བྱུག་ལྟར་སྙན་ཞིང་སྐྱེད་གཟུགས་རྩ་རིའི་སྨྱུག་མ་ལྟར་དྲང་ལ་ཞལ་རས་དཀར་དམར་མདངས་དང་ལྡན་པའི་བོད་པའི་བུ་མོ་མཛེས་མ་ཞིག་ཏུ་ཆགས།
  • ལེ་ཚན་སྔོན་མ།:གླུ་མ་འཇམ་དབྱངས་སྐྱིད།
  • ལེ་ཚན་རྗེས་མ།:མཚོ་བྱུང་སྲས་མོ་དཔའ་རིས་བ་རིག་འཛིན་སྒྲོལ་མ།
  • དོ་སྣང་ཆེ་བའི་རྩོམ།