༡
ཁྱོད། མེ་ཏོག་གི་འདབ་མ་ལྷུན་གྱིས་གྲོལ་ཏེ
གཞུང་རྟ་དང་གེ་སར་མངོན་པར་སྨིན་ཞིང
ལྗང་མདོག་གི་སྤང་ཐང་ན
ད་དུང ཁྱོད་ལ་སྣང་བ་མཐུན་སའི་གཡུ་སྦྲང་ཅིག་ཀྱང་འདུག་ཟེར
ཡིན་ནའང བསིལ་རླུང་གིས་འདབ་མ་དལ་གྱིས་བསྐྱོད་ཅིང
དྲི་ཞིམ་གྱི་བསླུ་བྲིད་གང་སར་མཆེད་དུས
ཁྱོད་ཀྱིས་ཤེས་ཨེ་ཡོད སླེབས་ཕྱིས་པའི་རྐང་དྲུག་གཞན་ཞིག་གིས
རྫུ་བག་གི་ཕྱི་ཤུན་དོར་ཏེ་རྒྱང་རིང་ནས་འཕུར་ཡོང་ལ
ནུབ་ཁའི་ཉི་ཟེར་གྱི་མཚམས་སྤྲིན་འོག་ནས་དུས་ཆད་བཏབ་པ་བཞིན
ང་རང་ཞེན་ཆགས་སམ་གདུང་བ་ཟབ་མོ་ཞིག་གིས་བཟི་བར་བྱས་ཡོད
༢
ལྷད་མེད་ཀྱི་སྐད་ཆ་ཁ་ཤས
གསང་སྟབས་ཀྱིས་ཤོག་ངོར་ཕབ
ཉེ་ཉེ་འདྲ་བའི་ཁྱོད་ཀྱི་མདུན་དུ
བདག་གི་འཕྲིན་ཡིག་ལ་འཕུར་ཐུབ་པའི་གཤོག་པ་མ་ཐོགས་པར
ཡུན་རིང་འགོར
གཅེས་སུ་འོས་པའི་རྒྱབ་གཟུགས་དེ
མིག་ཟུང་གི་འོད་ཁྱིམས་ལས་ཡུན་རིང་སྲུང
ཚོར་བས་ཟིན་པའི་སྙིང་གཏམ་དེ་ཚོ
ཁྱོད་ཀྱི་མདུན་ནས་རླུང་རྟ་བཞིན་དགོང་དུ་འཐོར
ཕྱི་ནང་བརླན་པའི་རྔུལ་ཆུའི་ཐིགས་པ་ཁྱོད་ཀྱིས་མ་མཐོང་བར
ཡུན་རིང་འགོར
༣
ཁྱོད་ཀྱི་འཛུམ་མདངས་ཀྱིས
བདག་སེམས་ཀྱི་བརླན་ཐིགས་སྐམ་དུ་བཅུག
ཁྱོད་ཀྱི་མིག་ཟུང་གིས
བདག་གི་མ་འོངས་འཚོལ་དུ་བཅུག
ཁྱོད་ཕར་ལ་འཁོར་ན
ལྟག་རྒྱབ་ཏུ་དཔྱངས་བའི་ལན་བུ་རེ་རེ་འཇའ་ཚོན་བཞིན
སྙིང་དུ་སྡུག
ཁྱོད་ཚུར་ལ་འཁོར་ན
དཀར་གསལ་གྱི་ངོ་གདོང་དུང་ཟླ་བཞིན
ཡིད་དུ་འོང
སློབ་མའི་འདུ་ལོང་གི་བར་གསེང་གང་རུང་ནས
མཚམས་རེར་ཁྱོད་ཀྱི་གཟུགས་རིས་མ་མཐོང་ཡང
ཚོར་ཤེས་སྐྱེན་པའི་སྣང་བ་ཞིག་གིས
ཁྱོད་ཉིད་མིག་གི་ཚོན་མདངས་སུ་བསྒྱུར
༤
དེ་རིང་། བདག་གིས་སྐད་ཆ་མང་པོ་ཞིག
རླངས་པ་ལྷོག་ལྷོག་ངང་ཁྱོད་ལ་བཤད་ན
ཁྱོད་རང་ཚོར་བ་གང་ཞིག་གིས་ཟིན་རུང
སྙིང་ཁྲག་གིས་མཆོད་འབུལ་བྱས་པའི་ཐ་སྙད་འདི་དག་ནི
བདག་གི་བདེན་པ་དང བདག་གི་བརྩེ་བ
ལྷག་ཏུ་ན་ཟུག་གྲངས་མེད་ཅིག་རྩུབ་བརྡར་བྱས་ཏེ
དུངས་ཞེན་གྱིས་མནར་བའི
གསང་གཏམ་དྲོན་མོ་ཁོ་ན་ཡིན
ཁྱོད་ལ་ཞེ་གཏིང་ནས་བརྩེ་བ་འཁྱིལ་ནས་ཡུན་རིང་འགོར་བས
རང་དང་འབྲེལ་བ་ཡོད་མེད་ཀྱི་ཁྱོད་ཉིད་འདི་ལྟར་གླེང་ན
ངས་ཅིས་ཀྱང རང་གི་དགའ་ཕྱོགས་ལྟར
སྙན་ངག་མ་ཡིན་པའི་སྙན་ངག་ཅིག་ལ
ཚེ་སྲོག་བཅོལ་ངེས