དཔྱིད་ཀ་སླེབས་བྱུང་།

བདུན་པའི་དང་པོ།ཀུན་བཟང་དབྱངས་ཅན།        2023-06-05

དཔྱིད་ཀ་སླེབས་བྱུང་། དཔྱིད་ཀ་སླེབས་བྱུང་། ས་གཞི་ཆེན་མོ་དྲོ་རུ་ཕྱིན་སོང་། རེ་སྒུག་གི་ངང་ནས་དཔྱིད་རླུང་འུར་འུར་དུ་ལྡང་བྱུང་ལ། དཔྱིད་ཀྱི་གོམ་སྒྲ་ང་ཚོ་དང་ཇེ་ཉེ་ནས་ཇེ་ཉེ་རུ་ཕྱིན་སོང་། ཉིན་བྱེད་ཀྱི་བཞིན་རས་དམར་པོར་མངོན། འདྲེན་བྱེད་གྲུང་པོར་ཕྱེ།

ལོ་གཅིག་ནམ་དུས་བཞི་ཡི་ནང་ནས་དཔྱིད་ཀ་ནི་སྐྱིད་ཤོས་ཡིན། དཔྱིད་ཀ་ཤར་བ་ན་དགུན་ཉལ་བརྒྱབ་པའི་སྲོག་ཆགས་དང་རྩྭ་རྩི་ཤིང་ཐམས་ཅད་གྲུང་ཤ་དོད་པོའི་སྒོ་ནས་ཡར་ལངས་པ་དང་། དཔྱིད་ཀ་ཤར་ཚེ་ནམ་མཁའ་ནི་སྔོ་ཞིང་དྭངས་ལ་ཉི་འོད་ནི་དྲོ་ཞིང་འཇམ། རྩྭ་ཆུང་ཆུང་འཇབ་བུའི་སྟོབས་ཀྱིས་ས་ཤུན་བརྟོལ་ཏེ་ཐོན་པས་ལྗང་ཐིང་ཐིང་དུ་གྱུར། སྐབས་འགར་ཆར་པ་ཟིམ་ཟིམ་དུ་བབས་ནས་ས་གཞི་སྐྱེ་སྟོབས་ཀྱི་དཔལ་འབར་དུ་བཅུག། ཉིན་འགའ་སོང་རྗེས་མེ་ཏོག་ཁྲ་ཆིལ་ལེར་བཞད་པས་ང་ཚོ་འཚོ་གནས་བྱེད་སའི་འཇིག་རྟེན་དེ་བཀྲག་མདངས་ལྡན་པར་གྱུར། སློབ་གྲྭ་གྲོལ་རྗེས་སློབ་མ་རྣམས་རྩྭ་ཐང་དུ་གང་འདོད་དུ་རྩེད་འཇོར་རོལ་བཞིན་མཆིས། བྱིས་པ་རྣམས་ཀྱི་དགོད་སྒྲ་ལྷང་ལྷང་ཁྲོད་ནས་དཔྱིད་ཀ་ནི་མཛེས་སྡུག་ལྡན་པ་ཞིག་ཡིན་པ་ཤེས་ཐུབ། དྲོ་འཇམ་གྱི་ཉི་འོད་བྱིས་པ་ཚོའི་དགའ་ཞིང་འཛུམ་མདངས་རྒྱས་པའི་ངོ་གདོང་སྟེང་འཕྲོ་བཞིན་མཆིས། འབྲོག་པ་རྣམས་རི་ལ་ལུ་གུ་སློག་པར་ཕྱིན་ནས་ནོར་ལུག་གི་ཤ་ཤེད་རྒྱས་པོ་ཡོང་བའི་ཆེད་དུ་དཀའ་ལས་མང་པོ་རྒྱག་གི་ཡོད། རྫི་བོ་རྣམས་ཀྱིས་སྦྲ་གུར་ནང་ནས་བཏང་བའི་དུ་བ་ནམ་མཁའི་སྤྲིན་དཀར་དང་འདྲེས་བཞིན་ཡོད། ཁོ་ཚོས་ད་དུང་སྦྲ་གུར་གྱི་མཐའ་འཁོར་དུ་ཕྱུར་བ་སྐམ་བཞིན་འདུག། སྐབས་འགར་ཁོ་ཚོས་རྫི་གླུ་སྙན་མོ་རེ་ལེན་གྱིན་མཛེས་སྡུག་ལྡན་པའི་དཔྱིད་ཀར་བསྟོད་པ་འབུལ་བཞིན་གདའ།

དཔྱིད་ཀ་ནི་མཛེས་སྡུག་ལྡན་པའི་ནམ་དུས་ཤིག་ཡིན་པར་མ་ཟད། ཤུགས་ལྡན་གྱི་མི་ཞིག་དང་འདྲ། མི་རྣམས་ལ་དགའ་སྤྲོ་དཔག་མེད་སྟེར་ཐུབ་པས་ང་རང་དཔྱིད་དུས་ལ་དགའ།



  • ལེ་ཚན་སྔོན་མ།:བདག་གི་ཕུགས་བསམ།
  • ལེ་ཚན་རྗེས་མ།:དཔྱིད་ཀ་སླེབས་བྱུང་།