དཔྱིད་ཀ་སླེབས་བྱུང་།

བརྒྱད་པའི་དང་པོ།ཡེ་ཤེས་མཚོ་མོ།        2023-06-05

ནམ་དུས་བཞིའི་ཁྲོད་ནས་ང་རང་དགའ་ཤོས་ནི་དཔྱིད་ཀ་ཡིན། དཔྱིད་ཀ་ནི་དུས་ཚིགས་བཞིའི་ཐོག་མ་ཡིན། དཔྱིད་དུས་རི་ཀླུང་སྔོ་ལྗང་ཅན་དུ་གྱུར་ཏེ། བྱ་ཁུ་བྱུག་གིས་སྙན་པའི་གླུ་དབྱངས་ལེན་བཞིན་དཔྱིད་ཀ་ལ་བསུ་བ་ཞུ་བཞིན་མཆིས། ཆུ་མོ་ནི་དྭངས་ཤིང་གཙང་ལ་ནམ་མཁའ་ནི་གཡུ་ལྟར་སྔོ།

ང་ནི་དཔྱིད་ཀ་ལ་དགའ། དཔྱིད་དུས་ཁམ་སྡོང་སོགས་ཀྱི་མེ་ཏོག་ཁྲ་ཆིལ་ལེར་བཞད་ཅིང་འདྲེན་བྱེད་ཡུལ་དུ་ཧ་ཅང་མཛེས། དཔྱིད་དུས་ཞོགས་པའི་མཁའ་རླུང་གཙང་ཞིང་ཉི་འོད་རི་རྩེ་ནས་གསལ་ལེར་ཤར་དུས་མིའི་སེམས་ལ་དྲོ་སྐྱིད་ལྡན་པའི་ཚོར་སྣང་རེ་སྦྱིན། དཔྱིད་དུས་ཤིང་སྡོང་ལ་མྱུ་གུ་གསར་པ་རྒྱས་ཤིང་འཇམ་ཐིང་ངེར་གནས། དཔྱིད་དུས་ནི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས་མི་རྣམས་ལ་རེ་བ་གསར་པ་རེ་སྟེར་བར་བྱེད། དཔྱིད་ཀའི་ཡུལ་ལྗོངས་ནི་ནམ་དུས་བཞིའི་ཁྲོད་ནས་གསོན་ཤུགས་དང་རེ་བས་ཕྱུག་པ་ཞིག་ཡིན། དཔྱིད་རླུང་སིལ་སིལ་དུ་ལྡང་བས་མི་རྣམས་ལ་སྔར་ན་མེད་པའི་སྟོབས་ཤུགས་གསར་པ་རེ་སྐྱེས་ཏེ་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་འབར། དཔྱིད་དུས་ཁོར་ཡུག་གཙང་ཞིང་མཛེས་པས་མི་རྣམས་རྩྭ་ཐང་སོགས་སུ་གླིང་ག་གཏོང་བར་སྐྱོད་བཞིན་ཡོད། ཕྱི་རོལ་ཡུལ་གྱི་མཛེས་པའི་ཁོར་ཡུག་ལ་མྱོང་རོལ་བྱས་ཏེ་རང་སེམས་ལ་སྤྲོ་སྣང་གིས་ཡོངས་སུ་ཁེངས། དེ་གར་ཕྲུ་གུ་ཚོས་རྩེད་མོ་རྩེ་བ་དང་གཞོན་པ་རྣམས་ཀྱིས་གཞས་ཞབས་བྲོ་རྒྱག་པ། རྒན་འཁོགས་དག་གིས་གཏམ་གླེང་བྱེད་བཞིན་གདའ།

ང་ཚོའི་ཕ་ཡུལ་གྱི་དཔྱིད་ཀ་ནི་ཧ་ཅང་མཛེས། དཔྱིད་ཀར་རླུང་བུ་སིལ་སིལ་དུ་ལྡང་ཞིང་མི་རྣམས་ལ་བརྗོད་མི་ཤེས་པའི་སྤྲོ་སྣང་རེ་སྟེར། ང་རང་དཔྱིད་ཀ་དགའ་ཞིང་དཔྱིད་ཀ་ལ་དུངས།



  • ལེ་ཚན་སྔོན་མ།:བདག་གི་ཕུགས་བསམ།
  • ལེ་ཚན་རྗེས་མ།:དཔྱིད་ཀ་སླེབས་བྱུང་།