དཔྱིད་ཀ་སླེབས་བྱུང་།

བརྒྱད་པའི་གཉིས་པ། ཚེ་རིང་དབང་མོ།        2023-06-05

དགུན་ཁའི་ནམ་ཟླ་ཡོལ་སོང་། དཔྱིད་ཀྱི་གོམ་སྒྲ་ང་ཚོ་དང་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་ཕྱིན།དཔྱིད་ཀྱི་དཔལ་ཡོན་དལ་བ་དལ་བུར་ང་ཚོའི་འདྲེན་བྱེད་ལམ་དུ་ཝ་ལེར་འཆར།

དཔྱིད་ཀའི་དུས་ཡངས་ཤིང་མུ་མཐའ་མེད་པའི་རྩྭ་ཐང་ལ་གསོན་ཤུགས་གསར་པ་ཞིག་གིས་ཁེངས་ནས་ཡོད། དེའི་སྟེང་གཡང་དཀར་ལུག་ཁྱུ་མུ་ཏིག་ཐང་ལ་བཀྲམས་པ་དང་འདྲ་བར་རང་རང་གང་འདོད་ངང་རྩྭ་ཆུར་རོལ་བཞིན་མཆིས། རྒྱང་རིང་ནས་བལྟས་ན་དེ་ནི་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་དང་ཨ་ན་མ་ན་རེད། རླུང་བུ་སིལ་སིལ་ཞིག་ལྡང་བ་དང་བསྟུན་ནས་འབྲོག་གླུ་སྙན་མོ་ཞིག་རྣ་ལམ་དུ་ཐོས་པས་ལུས་སེམས་གཉིས་ལ་སྔར་ན་མེད་པའི་བདེ་སྣང་གསར་པ་རེ་སྦྱིན།

མ་གཞི་བྱས་ན་འདི་ནི་དཔྱིད་ཀར་ཡོད་དགོས་པའི་རྣམ་པ་རེད། ཡིན་ན་ཡང་། ང་ཚོའི་ཕ་ཡུལ་ལ་འདི་འདྲ་བའི་རྣམ་པ་གཏན་ནས་མཐོང་རྒྱུ་མེད། ང་ཚོའི་ལུང་པར་དཔྱིད་ཀ་སླེབས་ཀྱང་ད་དུང་སྔར་བཞིན་དགུན་ཁའི་རྣམ་པ་ལྟར་རེད། རྩྭ་ནི་ད་དུང་སེར་འཚུབ་འཚུབ་ཡིན་ཞིང་ཤིང་སྟོང་སྟེང་དུ་ཡང་གསར་སྐྱེས་ཀྱི་ལོ་མ་གཏན་ནས་མཐོང་རྒྱུ་མེད། ཡིན་ན་ཡང་གནམ་གཤིས་ནི་དགུན་ཁ་ལས་ཅུང་དྲོ་རུ་ཕྱིན་པ་དང་། ཆུ་བོ་དང་ཆུ་མིག་ནང་གི་འཁྱགས་པ་བཞུར་བ་སོགས་མ་གཏོགས། དཔྱིད་ཀྱི་དཔལ་ཡོན་ཧ་ལམ་མིག་ལམ་དུ་འཆར་རྒྱུ་མེད།

ངའི་ཕ་ཡུལ་གྱི་དཔྱིད་ཀའི་རྣམ་པ་དེ་ཙམ་མཛེས་པོ་མེད། ཡིན་ན་ཡང་། ཕ་ཡུལ་ལ་མཐོང་ཐོས་མང་ཤོས་དེ་ནི་ཞིང་པ་རྣམས་ཀྱིས་ཞིང་ཁའི་ནང་བྲེལ་བྲེལ་འཚུབ་འཚུབ་ངང་ནས་ཞིང་ལས་བྱེད་པར་འགྲོ་བ་དེ་ཡིན། ཞིང་པ་ཚོས་ཞོགས་པ་སྔ་པོ་ནས་མལ་ལས་ལངས་ཏེ། ཁྱིམ་ནས་ལྟོ་ཆས་སྟབས་བདེ་རེ་བཟས་རྗེས་ལག་ཆ་ཁྱེར་ནས་རང་ཁྱིམ་གྱི་ཞིང་སར་ཐོན། ཞིང་ནང་དུ་སླེབས་རྗེས་ཉིན་གཅིག་གི་རྨོན་འདེབས་ལས་ཀ་འགོ་ཚུགས། ཁོ་ཚོ་ལ་ལས་ས་བསློགས་པ། ལ་ལས་ཆུ་ཡུར་བཟོ་བ་སོགས་བྱེད། ཉིན་གུང་དུ་སླེབས་ཚེ་མི་རྣམས་ཀྱིས་རང་ཁྱིམ་ནས་ཁྱེར་བའི་ཟས་ཟ་བ་དང་ཇ་འཐུང་བ། ངལ་གསོ་ཅུང་བརྒྱབ་རྗེས་མུ་མཐུད་ནས་ཉི་མ་ཕག་རིའི་རྒྱབ་ཏུ་མ་ཡིབ་པར་ལས་ཀར་བྲེལ། ཁོ་ཚོ་དགོད་འཚེར་འཚེར་ངང་ལོག་ཡོང་དུས་དཀའ་ངལ་དང་སུན་སྣང་སྤུ་ཙམ་ཡང་མེད་པའི་སྣང་བ་ཞིག་འགོག་མེད་དུ་འཆར་ཐུབ།

ཕ་ཡུལ་ཡ། ཕ་ཡུལ། ང་རང་ལས་ལ་བརྩོན་པའི་ཕ་ཡུལ་གྱི་ཞིང་པ་ཚོའི་སྤྱོད་བཟང་ལ་སྙིང་ནས་གུས་ཤིང་དད།



  • ལེ་ཚན་སྔོན་མ།:བདག་གི་ཕུགས་བསམ།
  • ལེ་ཚན་རྗེས་མ།:དཔྱིད་ཀ་སླེབས་བྱུང་།