མཆོད་འབུལ་མེ་ཏོག་ཕྲེང་བ།

དགེ་འདུན་བསྟན་འཛིན་ནས།        2013-08-01

མཆོད་འབུལ་མེ་ཏོག་ཕྲེང་བ།

    མཁྱེན་པ་ཡངས་ཤིང་ཤེས་བྱའི་ཕ་མཐར་སོན།།
    རབ་འབྱམས་སྨྲ་བས་གདུལ་བྱའི་བློ་མུན་པ།།
    འོད་འབྱིན་བདག་པོའི་རྗེས་འགྲོ་ལེགས་བཤད་དེས།།
    གསལ་བར་མཛད་མཁས་གང་དེ་སྤྱི་བོའི་གཙུག།
 
    མགར་གྱི་ཤེས་རབ་རྩལ་ངོམ་ཐར་བའི་གནས།།
    མགར་གྱི་བློན་པོའི་རིག་པའི་རྩལ་རྫོགས་ཤིང་།།
    མགར་ཐར་གནས་ནས་འཁྲུངས་པའི་དམ་པ་ཉིད།།
    མགར་བ་སྟོང་བཙན་བཞིན་དུ་བློ་རིག་བཀྲ།།
 
    ལྷག་བསམ་རབ་དཀར་ངག་གི་སྒོ་མོ་ལས།།
    གཟུར་གནས་དགྱེས་པའི་གཏམ་བཟང་གསུངས་བར་བརྟེན།།
    མ་རིག་ཚོགས་དག་དྲུང་ནས་འབྱིན་མཛད་པ།།
    བརྡ་སྤྲོད་སྨྲ་བའི་དབང་ཕྱུག་ཁྱེད་ལ་འདུད།།
 
    བདག་ཅག་སྐལ་ལྡན་རྨོངས་མུན་འཐིམས་པའི་བློ།།
    དཀའ་འགྲེལ་གནད་ཀྱི་སྒྲོན་མེས་གསལ་བར་སྟོན།།
    བླང་དོར་གནད་ལ་སྟོན་མཁས་མགོན་པོ་མཆོག།
    བཤེས་གཉེན་དམ་པ་ཁྱེད་ལ་སྙིང་ནས་འདུད།།
 
    བགྲང་བྱ་དུ་མའི་སློབ་གསོའི་ཉམས་མྱོང་ནོར།།
    གཙུག་ལག་རིག་པའི་བང་མཛོད་ཏོག་ན་མཛེས།།
    རིན་ཆེན་ས་ལེ་སྦྲམ་ལྟར་འོད་ཟེར་འཕྲོས།།
    མཚུངས་མེད་བཤེས་གཉེན་མཆོག་ལ་གུས་པས་འདུད།།
 
    མཆོག་གི་གསུངས་དབྱངས་བདུད་རྩི་ཐིགས་པ་རེས།།
    མདོ་དབུས་ཁམས་ཀྱི་ཤེས་བྱའི་སྐོམ་འདོད་དག།
    མ་ལུས་ཡིད་ཚིམས་དགའ་བ་སྟེར་ནུས་བས།།
    སྤྱི་སྐད་དཔེར་མཚོན་ཐུབ་ཅེས་མཁས་པས་གསུངས།།
 
    བྱམས་བརྩེ་ལྷག་བསམ་དཀར་པོའི་དར་ཞིག་འཕྱར།།
    བརྩོན་འགྲུས་ལྷོད་པ་མེད་པའི་རླུང་གིས་བསྐྱོད།།
    འཆད་རྩོད་རྩོམ་པའི་གྲུ་གཟིངས་ལེགས་བསྡམས་ཏེ།།
    རིག་པའི་མཚོ་ལས་སྒྲོལ་མཛད་ཁྱེད་ནི་མགོན།།
 
    མཆོག་གི་གསུང་དབྱངས་དབྱར་སྐྱེས་རྔ་གསང་གིས།།
    སྐལ་ལྡན་བློ་གསལ་སྤྲིན་ལ་དགའ་བ་ཚོས།།
    སྤྲོ་བ་མདོངས་བཀྲ་རིག་པའི་གར་སྟབས་བསྒྱུར།།
    དྲིན་ཆེན་བཤེས་གཉེན་ཁྱེད་ལ་སྙིང་ནས་འདུད།།
 
    ཕྱི་ཚུལ་ཞི་དུལ་ལྷོད་གསུམ་ལྡན་པ་དང་།།
    ནང་གི་སྙིང་སྟོབས་གནམ་ལྕགས་ཐོག་འདྲ་མངའ།།
    ཕུགས་ཀྱི་དགོངས་དོན་གངས་ཅན་ཁོ་ནར་བཅངས།།
    མཁས་མཆོག་དམ་པ་གང་དེ་གཙུག་གི་རྒྱན།།
 
    ཨེ་མ་དྲིན་ཆེན་བཤེས་གཉེན་དམ་པ་ཁྱེད།།
    བདག་ཅག་སྐལ་དམན་རྣམས་དང་ཞལ་གྱེས་ནས།།
    བགྲང་བྱ་བཅོ་ལྔ་ཕྱིན་ཡང་མཆོག་གི་གསུངས།།
    ཡིད་ལ་ལྷམ་མེར་གསལ་འདི་བྱིན་རླབས་དངོས།།
       
 
 
 
  • ལེ་ཚན་སྔོན་མ།: བཤེས་གཉེན་རྗེས་དྲན་རང་སེམས་གདུང་དབྱངས།
  • ལེ་ཚན་རྗེས་མ།:ཕོ་ཉ་གཞོན་ནུ་དོན་གྲུབ་མ།