བཤེས་གཉེན་རྗེས་དྲན་རང་སེམས་གདུང་དབྱངས།

སྐལ་བཟང་ཐུབ་བསྟན་གྱིས།        2013-08-01

    ཉན་པ་པོ་ལ་གཏན་བདེ་ཐོབ་པ་ཡི།།
    ཤུལ་བཞག་རིག་པའི་སྦྲང་རྩི་མངར་མོ་སྩོལ།།
    མཁྱེན་བརྩེའི་ནུས་པའི་མཁའ་ནས་རབ་འཕྲོས་པའི།།
   ཐུགས་རྗེའི་འོད་སྣང་འཛམ་གླིང་གསལ་ལ་འདུད།།
 
    བཤེས་གཉེན་དྲན་པའི་གདུང་སེམས་ཆེ་ལས་སམ།།
    མི་མངོན་དབྱིངས་ནས་བྱིན་གྱིས་རླབས་པའི་རྟགས།།
    མོས་གུས་ཞིང་ནས་དྲིན་ཆེན་སློབ་དཔོན་མཆོག།
    ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པར་རྨིས།།
 

   བཤེས་གཉེན་རྗེས་དྲན་རང་སེམས་གདུང་དབྱངས།

 གང་སྐུ་མཇལ་ཚེ་ཁེངས་དྲེགས་ཟིལ་གྱིས་གནོན།།
    གང་གསུང་ཐོས་ཚེ་སེམས་ཉིད་ངལ་གསོ་ཐོབ།།
    གང་ཐུགས་བྱང་སེམས་གར་བུའི་རྡུལ་ལས་དྭངས།།
    གང་ཉིད་མཇལ་བ་བསོད་ནམས་བསྐལ་བརྒྱར་བསྐྲུན།།
 
    འཆད་པའི་ཚེ་ན་ལུང་རིགས་རྒྱན་གྱིས་མཛེས།།
    རྩོད་པའི་ཚེ་ན་ཕས་རྒོལ་སྙིང་རྩ་འདར།།
    རྩོམ་པའི་ཚེ་ན་འགྲོ་བའི་སྤྱི་ནོར་གྱུར།།
    ཁོ་བོའི་སློབ་དཔོན་མཁས་བརྒྱའི་གཙུག་ན་མཛེས།།
 
    ཕྱི་ཚུལ་ཞི་དུལ་ལྷོད་གསུམ་ལྡན་པ་དང་།།
    ནང་གི་སྙིང་སྟོབས་གནམ་ལྕགས་ཐོག་འདྲ་དགོས།།
    ཕུགས་ཀྱི་བསམ་འདུན་རིགས་ཀྱི་ཁེ་ཕན་དེ།།
    རྟག་ཏུ་མ་བརྗེད་གཅེས་པའི་སྲོག་བཞིན་སྲུངས།།
 
    ཞེས་པའི་གདམས་ངག་བདུད་རྩིའི་སྙིང་པོའི་རྒྱུན།།
    རང་སེམས་རྨོངས་པའི་ཞིང་སར་སིམ་པའི་ཚེ།།
    རང་དོན་རྩར་གཟན་དུག་འབུའི་སྲོག་ཆད་ནས།།
    སྤྱི་སེམས་ལྷག་བསམ་དཀར་པོའི་ལྗང་མྱུག་འཁྲུངས།།
 
    དེ་སྐད་བཤེས་གཉེན་དྲན་པའི་གདུང་དབྱངས་ཤིག།
    སྙིང་དབུས་དད་པའི་པད་མོ་བྱེ་བ་ལས།།
    དྲི་བསུང་འབུམ་དང་བསྡེབས་ནས་འཁྲོལ་བའི་དགེ།
    གངས་ཅན་རིག་པའི་དགའ་ཚལ་རྒྱས་གྱུར་ཅིག།
  • ལེ་ཚན་སྔོན་མ།:གནའ་བོའི་ཅོང་རྙིང་།
  • ལེ་ཚན་རྗེས་མ།:མཆོད་འབུལ་མེ་ཏོག་ཕྲེང་བ།