
ཉི ་ཟེར་གྱི་གོང་ཁ་རུ།
མཆོད་ཡོན་དང་སྒྱུ་རྩལ་གྱིས་བཏེགས་པའི་པོ་ཏ་ལ།
ངས་ཁྱེད་ལ་དད་པ་དང་འཁང་ར་འདྲེས་མའི་ཕྱག་གསུམ་འཚལ།
ངས་ཁྱེད་ལ་སྐྱབས་འཇུག་དང་མིག་ཆུ་འདྲེས་མའི་ཕྱག་གསུམ་འཚལ།
ཀྲོང་ངེར་འགྱིང་བའི་རྔམ་བརྗིད་ཁོ་ནས་ཀྱང་།འོད་དུ་འཚེར་བའི་ཁ་སང་གི་ལོ་རྒྱུས་མཐོང་ཐུབ་ལ།
བརྟན་པོར་བཞུགས་པའི་ཟིལ་ཤུགས་ཁོ་ནས་ཀྱང་།
རྒྱལ་སྲས་ཤིག་གི་སྡེ་བཞིའི་མངའ་ཐང་རྟོགས་ཐུབ།
འོན་ཀྱང་ཆུ་འཛིན་ལ་ཁ་ལོ་བསྒྱུར་པའི་ལྷ་ཚོགས་རྣམས།
ཁྱེད་ཀྱི་ཕྲག་གོང་ནས་ཕྲེང་བསྒྲིགས་ཏེ།
རི་ཚོགས་ཀྱི་ཕ་རོལ་ཏུ་བཞུད་པའི་ཕྱི་ཉིན་ནས།འབྲོང་རྒོད་ཀྱི་ཧར་སྒྲ་ངང་གིས་ཡལ་ཞིང་།
སྟག་སེང་གི་ང་རོ་སྦུབས་སུ་ལྷུང་།
སྤྱིར་ཡིན་ན།དེ་དག་ནི་ཁྱེད་ལ་ཅིས་ཀྱང་མཁོ་སྟེ།
དར་ལྕོག་དང་རླུང་རྟ་ཙམ་གྱིས་ཁྱེད་ཀྱི་ཚེ་སྲོག་གི་རུས་རྐང་ག་ལ་འགྲུབ།
ཁ་བཏགས་དང་མཆོད་མེ་ཙམ་གྱིས་ཁྱེད་ཀྱི་རི་ལུང་གི་ཕུ་ཐག་ག་ལ་ཆོད།
ཁྱེད་ཀྱི་སྤྱི་གཙུག་ཏུ་ཤུམ་བུར་ངུ་བའི་སྤྲིན་དཀར་དེ་དག་ཀྱང་།
དུས་ཚིགས་ཤིག་གི་འགྱུར་བ་ལགས་ན།ཆོས་ཉིད་དང་མཐུན་པ་ཤ་སྟག་ཡིན་མོད།
འོན་ཀྱང་སྐར་ཚོམ་ཞིག་གི་ཡ་ང་བའི་ཆགས་འཇིགས་ལགས་ན།
ཟླ་བ་མེད་པའི་མཚན་མོ་འདིར་ང་ཚོ་ཅི་འདྲའི་གྲང་བ་ལ་ཨང་།
སྤྲིན་དཀར་གྱི་བང་རིམ་དུ།
པར་ཆས་དང་བརྙན་འཕྲིན་གྱིས་བཏེགས་པའི་པོ་ཏ་ལ།
ངས་ཁྱེད་ལ་དང་བ་དང་ཁོང་ཁྲོ་འདྲེས་མའི་ཕྱག་གསུམ་འཚལ།
ངས་ཁྱེད་ལ་དྲང་བདེན་དང་སྡུག་བསྔལ་འདྲེས་མའི་ཕྱག་གསུམ་འཚལ།
ཡོད་ཚད་སྟོང་སང་ངེར་གནས་པའི་སྐྱིད་ཆུའི་ཁུགས་པ་དེར།
འདམ་རྩྭ་ཡིས་སྐྱོ་སྡུག་གི་མགོ་བོ་བྲང་ཁར་སྨད་ཅིང་།
རླུང་བུ་ཡིས་སུན་སྣང་གི་ཤུགས་གླུ་དབྱངས་སུ་གྱེར།ཀྱེ་མ།འཁྲེང་སེམས་ཀྱིས་བཞུར་བའི་སྐྱིད་ཆུ་ལགས།
ཁྱོད་ཀྱིས་བྲིས་པ་ནི་ཡན་པར་འཕྱོ་བའི་ཀོ་གྲུ་དེའི་ལོ་ཟླ་དང་།
ཤར་གྱིས་མཆེད་པའི་སྐར་མདའ་དེའི་གཟུགས་རིས་ཡིན་ནམ།
གང་ལྟར་སྤྲིན་དཀར་ཞིག་ཐོད་དུ་བཟུང་ནས།
མདུན་རིའི་ངོས་སུ་ཤུགས་ཀྱིས་བགྲད་པའི་སྤྱན་རས་དེ་མཐོང་ཚེ།སུ་ཞིག་གིས་བརྙས་པའི་བུ་ཆུང་པྲ་ཚག་ཅིག་དང་ཀུན་ནས་མཚུངས་ཤིང་།
ལན་རེར་རྒྱལ་དར་ཞིག་གཙིགས་སུ་བཟུང་ནས།ཁུ་སིམ་མེར་སྒམ་བརླིང་གི་བརྟུལ་ཞུགས་འཛིན་པའི་ཟོལ་ལ་བལྟས་ན།
བུམ་རྒྱན་དུ་བཞུགས་པའི་སྤོས་འགྱིག་གི་མེ་ཏོག་ཅིག་དང་ཡང་མཚུངས་།
ངས་འདི་ལྟར་ཕོ་བྲང་ཞིག་གི་རྒྱབ་གཟུགས་འཐུ་བཞིན།
སྐྱིད་ཆུ་སྔོན་མོའི་འགྲོས་དང་བསྡོངས་ནས།ལན་རེར་ཤུགས་ཀྱིས་རྒྱུག་ཅིང་།
ལན་རེར་གྱ་གྱུར་འབབ་བཞིན།
རི་ལུང་ཅི་ཙམ་བརྒལ་པའང་མ་ཚོར།སྲིད་པའི་ཡང་རྩེ་ན།
སེམས་པ་དང་སེམས་པ་ཡིས་བཏེགས་པའི་པོ་ཏ་ལ།
ངས་ཁྱེད་ལ་ཡིད་ཆེས་དང་ཞེན་ཆགས་འདྲེས་མའི་ཕྱག་གསུམ་འཚལ།
ངས་ཁྱེད་ལ་ཆོད་སེམས་དང་གྱེས་ཚིག་འདྲེས་མའི་ཕྱག་གསུམ་འཚལ།
༼ རྩོམ་སྒྲིག་འགན་འཁུར་བ་དངོས་སྦྱོང་སློབ་མ་ཀརྨ་མཚོ། ༽