དེ་རིང་ནི་སྤྱི་ལོ 2025 ལོའི་ཟླ 4 ཚེས 6 ཉིན་དང་། རེས་གཟའ་ཉི་མ་ཡིན།

གྲོས་ཚོགས་ཤིག་གི་ཟུར།

ཆོས་བཞིན།        2011-07-05

           —མི་ཚོགས་ཀྱི་སྐྱག་ལབ་ལ།
     རེ་བའི་ལག་ཟུང་རིང་དུ་རྐྱོང་བའི་ཁྱིམ་བདག་ཕ་མའི་ཁྱོར་བའི་ནང་།།
     དོན་གྱི་ཆར་ཐིགས་ལྷུང་དུ་མེད་པར་ལོ་ནས་ལོ་ཟླ་ཅི་ཙམ་འགོར།།
     རྒྱུ་རྐྱེན་རྟེན་འབྲེལ་མེད་པ་མ་ཡིན་སློབ་གསོའི་ཁུར་མོང་རྙིད་ལ་ཉེ།།
     བརྩོན་འདོད་སློབ་ཚོགས་ཕྱེ་ལེབ་སྒེག་མོས་ངལ་བས་འབད་ཀྱང་རྩི་བཅུད་དབེན།།
     བལྟས་ན་སྔོ་ལྗང་ཐགས་སུ་བཀྲ་བ་སྐྱེ་རྒུའི་མིག་ལ་དགའ་སྟོན་འགྱེད།།
     མྱངས་ན་ཕུགས་སུ་སེར་ཐིག་བབས་འདུག་སྙིང་པོའི་སྙིང་པོ་དབྱིངས་སུ་ཡལ།།
     མ་བརྟག་མ་དཔྱད་ཁ་སྟོང་ཚིག་སྟོང་མི་ཚོགས་དབུས་ན་ལྷང་ལྷང་སྒྲོག།
   ངེས་པ་དོན་གྱི་མི་ཡི་མི་གཤིས་དྲང་བདེན་ལམ་ནས་རིང་དུ་གྱེས།།མི་རེའི་ཁ་ན་སློབ་གསོ་ཟེར་བ་གལ་ཆེན་དོན་ཆེན་འདྲ་ན་ཡང་།།
     ཁ་ལག་དོན་གྱིས་རྒྱབ་འགལ་གྱུར་ཀྱང་སུ་དང་གང་གིས་མ་མཐོང་འདྲ།།
     རང་དོན་ཁོ་ནས་རླབས་ཆེན་སློབ་གསོ་གོང་དུ་སྤེལ་བའི་བསྒྲགས་གཏམ་འདི།།
    བདག་དང་བདག་འདྲས་ཅི་ལྟར་དཔྱད་ཀྱང་འབྲས་མེད་འབྱུང་གྱུར་རིག་ནས་འདུག།
     འཆད་ཀྱང་དགོས་ལ་སྒྲུབ་པའང་གལ་ཆེ་གཞན་ཕན་ལྷག་བསམ་ཕྲ་མོ་ཙམ།།
     རྣམ་ཀུན་བྱ་བའི་སྔོན་ལ་བཏང་ནས་མི་རིགས་སློབ་གསོའི་དམའ་ས་ནས།།
     ནན་ཏན་སེམས་ཀྱི་ལག་པས་སྐྱོར་ལ་བདེན་དོན་རྟོགས་པའི་རྗེས་རབས་རྣམས།།
     མིག་དང་སྙིང་གི་དབུས་ནས་སྐྱོང་དང་ཤེས་ཆེན་ཤོང་ཡངས་ཕ་བཟང་བུ།།
     དུས་བཞིའི་དབྱེ་བ་ལྷག་ཏུ་གསལ་བའི་མཐོ་སྒང་འཛིན་མའི་ཡང་རྩེ་ན།།
     གཡུར་ཟའི་འབྲས་བུ་སྟོན་དུ་སྨིན་པ་ལས་ཀྱི་བགོ་སྐལ་ཡིན་སྲིད་ཀྱང་།།
     སྟོན་མཇུག་སྡོང་ལོ་རིང་དུ་ཁུར་དུས་དོན་གྱི་འབྲས་བུ་མི་སྲིད་པས།།
     ཡུལ་དུས་གནས་སྐབས་ཀུན་དང་བསྟུན་དགོས་རེ་བཞག་ཁུར་བའི་ཨ་མའི་བུ།།
  • ལེ་ཚན་སྔོན་མ།:འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་བའི་སྙིང་གཏམ།
  • ལེ་ཚན་རྗེས་མ།:ལྷ་མོའི་ལས་དབང་།