མི་ཚེ་གང་གི་དོ་ནུབ།

བཞག་སྲས།        2014-11-13

རྣམ་ཤེས་རི་མོ་ལག་པས་འབྲི་བྱེད་ཅིང་།།
རྟོག་འགྱུ་རབ་རིབ་ངག་གིས་འཁྲོལ་དགོས་ན།།
ཉི་འོད་རྒས་པའི་ལག་རྟེན་རི་ལ་བཅོལ།།
རླུང་བུ་རྒུད་པའི་སྨྲེ་སྔགས་ཤིང་ལ་འདོན།།
 
རི་བོའི་རྩེ་ལ་ཟགས་པའི་ཁ་ཆུ་དེ།།
དོ་ནུབ་ཟླ་བ་ངུས་པའི་མིག་ཆུ་རེད།།
རི་བོའི་མདའ་ལ་བཞུར་བའི་གཙང་པོ་འདི།།
ཡུན་རིང་རེ་སྒུག་ཁྲོད་ཀྱི་གཅིན་པ་ཡིན།།
 
དོ་ནུབ་མཚན་གྱི་མི་ཚེ་རིང་མོ་ན།།
ཕོ་ལོ་ཚེ་ཕྱེད་རྫོགས་པའི་ལོ་རྒྱུས་འཁོར།།
ལོ་རྒྱུས་རྒྱུན་ལ་བཞུར་བའི་རྔུལ་ཁྲག་གིས།།
ཚེ་མཇུག་རྒས་ཤིང་རྒུད་པའི་མངོན་སུམ་དོད།།
 
གོམ་གང་རེ་བས་སྤོ་བཞིན་སྤྲོ་བས་འཛུགས།།
གོམ་གང་སེམས་ཀྱིས་འདེག་གིན་སྤོབས་པས་འཇོག།
ཡུན་རིང་སྲང་ལ་སོང་བའི་རྐང་རྗེས་དག།
ཟླ་འོད་ཆུ་ཡིས་འཁྲུད་ཀྱིན་དོང་དུ་ཟུག།
 
ཆུ་བོ་མར་མར་རྒྱུ་བའི་གཞུང་རྟ་ལས།།
ང་ཡི་མི་ཚེ་འཕེལ་དང་རྫོགས་པའི་བར།།
རེ་རེ་གདངས་ལ་འགུགས་པའི་དོ་ནུབ་ཀྱིས།།
འཇིག་རྟེན་ཡོངས་ལ་ཕྱིར་ལྟ་ཐེངས་ཤིག་བྱ།།
 
སྡོང་ལོ་ཕུ་ཡིས་དེད་ཅིང་རླུང་གིས་ཁུར།།
རྩྭ་སྐྱ་ལག་པས་འཕྱག་ཅིང་མེ་ཡིས་འཛད།།
བརྩེ་སེམས་ལུང་པར་འཕོས་པའི་དོ་ནུབ་དེ།།
མི་ཚེ་ཕྱིར་མིག་ཁྲོད་ཀྱི་བརྗེད་བྱང་ཡིན།།
 
དོ་ནུབ་སྙན་ངག་མལ་སར་འཐོར་ཏེ་ཡོད།།
དོ་ནུབ་ཚོར་འགྱུ་གྲོང་ལ་འཕྱུར་ཏེ་ཡོད།།
འཐོར་དང་འཕྱུར་བའི་འཇིག་རྟེན་གཞན་པ་ན།།
ཁྱོད་དང་ང་ཡི་མི་ཚེ་གཉིད་ནས་ཡོད།།
 
མི་ཚེ་གང་བོར་མ་ཡོང་བསམ་པ་མེད།།
སྐྱོ་སྡུག་དཀའ་ཁག་གྲངས་ལ་ཅི་སྟེ་ཐེབས།།
ཚེ་མཇུག་གཉིད་ལ་ཡུར་བའི་དུས་སྐབས་འདིར།།
ཕྱིར་དྲན་བྱས་ན་ཀུན་ཀྱང་རྨི་ལམ་དངོས།།
 
གཞུང་ལམ་ཆེན་པོ་ལེབ་ཀྱིས་བསྒྱིངས་པ་དེར།།
རྐང་པ་ན་བར་སོང་ཡང་རྫོགས་དུ་མེད།།
ཁང་པ་མཐོན་པོ་མིག་གིས་མི་ཟིན་པ།།
ཞིབ་མོ་ཟབ་ཀྱིས་ཅེར་ཡང་རྙེད་དུ་མེད།།
 
དབྱིངས་ཀྱི་ཟླ་བས་ལྐོག་ལྟ་བྱེད་ཞོར་གྱིས།།
ང་ཡི་མི་ཚེར་ཁྲེལ་དགོད་གནང་ན་ཡང་།།
མན་སྤུ་ས་ལ་རག་པའི་རྒས་འཁོག་ངས།།
མིག་གིས་ལྟ་ཙམ་མེད་པར་སྒུར་ནས་སྡོད།།
 
ད་ནི་མང་པོ་ཚིག་གིས་མི་བརྩེག་སྟེ།།
འགྱུ་བ་རེ་རེ་ལྕེ་ཡིས་མི་འགུགས་ཏེ། །
སྙན་ངག་བུ་མོར་བྲང་ཁ་གླན་ཞོར་གྱིས།།
རྨི་ལམ་དངོས་ལ་ཞུགས་པའི་རྟ་གོན་བྱ།།
  • ལེ་ཚན་སྔོན་མ།:ཁྱོད་ལ་བཤད་ན།
  • ལེ་ཚན་རྗེས་མ།:མཁར་རྫོང་རྣོན་པོ།