དེ་རིང་སྤྱི་ཟླ་བཅུ་གཅིག་ཚེས་གཅིག་རེད།།
རེས་གཟའ་ཕུར་བུ་ཧོར་རྩིས་བཅོ་བརྒྱད་རེད།།
ཉིན་འདིར་སྙིང་གི་ན་ཟུག་ཐང་ལ་བྱོ།།
དྲན་དང་སྐྱོ་བའི་དངན་པ་བྲག་ལ་རྡེབ།།
སེམས་ལ་སྐྱོ་ངལ་མ་ལེན་ངང་བཟང་མ།།
གདོང་ལ་མིག་ཆུ་མ་གཏོང་ངོ་ཡག་མ།།
ཡར་ལྟོས་གནམ་གྱི་སྤྲིན་དཀར་དུམ་བུ་དེ།།
བརྩེ་སེམས་མ་འགྱུར་གནས་པའི་བདེན་དཔང་ཡིན།།
ལོ་ཟླ་འགྱང་འདུག་མ་བསམ་གཤིས་འཇམ་མ།།
ལམ་ཐག་རིང་འདུག་མ་བསམ་མིག་ཡངས་མ།།
མདུན་ན་ལྷང་ལྷུང་བཞུར་བའི་ཆུ་བོ་དེ།།
དམ་བཅའ་མ་འགྱུར་གནས་པའི་རྟགས་མཚན་ཡིན།།
སེམས་པ་སྐྱོ་འདུག་མ་ཟེར་གཟུགས་བཟང་མ།།
ཆིག་རྐྱང་སུན་འདུག་མ་ཟེར་སྙིང་སྡུག་མ།།
དབྱིངས་ན་བསིལ་བསིལ་འཚེར་བའི་ཟླ་གམ་དེ།།
ཡིད་ཆེས་མ་འགྱུར་གནས་པའི་རྟེན་སོ་ཡིན།།
ད་འདིར་ཁྱོད་ལ་བཤད་པའི་སྐད་བརྡ་དེ།།
སེམས་པ་སྦུག་ནས་བསྒྲགས་པའི་ང་རོ་ཡིན།།
དྲན་པ་གཞུང་ནས་མཆེད་པའི་ཟེགས་མ་ཡིན།།
ནང་ཁྲོལ་རློན་པ་གསེབ་ཀྱི་དྭངས་མ་ཡིན།།
གངས་རི་ཕྱེ་མར་འདྲ་བོའི་གཡས་ཟུར་ན།།
ཆུ་མིག་བདུད་རྩི་འདྲ་བོའི་འགྲམ་ངོགས་ན།།
སྙིང་ལ་ལྷུག་གེར་འཛུམ་པའི་བཞིན་ཡག་མ།།
མཚོ་ཁའི་མེ་ཏོག་འདྲ་ཞིག་བཞད་ཡོད་ཤག།
སྤྲིན་པ་དར་རྡང་འདྲ་བོའི་ཟམ་འོག་ན།།
སྐྱི་བསེར་བལ་ཁ་འདྲ་བོའི་རྒྱུ་ཕྱོགས་ན།།
ལུས་གཟུགས་མདའ་སྙུག་འདྲ་བའི་རོགས་ལོ་མ།།
དམ་བཅའ་ཚིག་ཏུ་གནས་པར་བལྟས་ཡོད་ཤག།
མཛུབ་དཀྲིས་གསེར་གྱི་རིན་ལ་མ་འཁྲེན་ཅིང་།།
སྡུག་བསྔལ་བམ་ཁ་མཐུག་པོར་མ་བཟུར་བར།།
བཞིན་རས་ཟླ་གོར་འདྲ་བོ་འདིར་བལྟས་ཏེ།།
མིག་གཉིས་ལྷེམ་མེར་འགུལ་བཞིན་གནས་ཡོད་ཤག།
རི་ལུང་ཁུག་ཀྱོག་བརྒྱུད་དུས་དྲན་གྱིན་ཡོད།།
ཆར་རླུང་ཟིལ་ཐིགས་ལྷུང་དུས་འབོད་ཀྱིན་ཡོད།།
རང་ཡུལ་དཀྱིལ་འཁོར་འདྲ་བོའི་ནང་ཁོག་ན།།
དགའ་བ་སྙིང་གི་གཞུང་ནས་འབར་གྱིན་ཡོད།།
ཁྲ་ཆུང་མིག་རྡོ་མ་བཙུམ་བལྟས་ནས་ཡོད།།
ལག་ངར་དྲོན་མོ་མ་བསྐུམ་བསྲིངས་ནས་ཡོད།།
བརྩེ་ཞེན་སྙིང་གི་མདུད་པ་བརྒྱབ་ནས་ཡོད།།
མི་འགྱུར་ཚིག་ལ་མནའ་ཆེན་བསྐྱལ་ནས་ཡོད།།