བཤེས་གཉེན་ལགས། ཤེས་རིག་གི་ལྷ་གསོན་པོ།
ལས་འབྲས་སྐྱིད། 2014-09-11
གལ་ཏེ། ལྷག་བསམ་ནི་མིའི་རིགས་ཁོ་ནས་བསྐྲུན་ཅིང་སྤྱོད་ན་ཁྱེད་ནི་མིའི་རིགས་ཀྱི་ལྷག་བསམ་སྒེར་གཅོད་བྱེད་པའི་མ་རྩ་ཅན་དེ་ཡིན་འདུག
གལ་ཏེ། ལྗང་མདོག་ནི་ས་བོན་གྱི་སྒེར་ཆོས་ཡིན་ན་ཁྱེད་ནི་ལྗང་སྨྱུག་ལ་གསོན་ཤུགས་བསྩོལ་པའི་དུས་གསུམ་སྒེག་མོ་དེ་ཡིན་འདུག
བཤེས་གཉེན་ལགས། ཐམས་ཅད་གཏི་མུག་དང་རྗེས་ལུས་ལ་དུང་ཞེན་ཆེ་དུས་ཁྱེད་གཅིག་པུ་འོད་སྣང་ཕྲན་ཙམ་གྱི་ར་མདའ་བྱས་ཏེ། ས་འཐམ་རོ་འཐམ་གྱིས་མི་རིགས་ཀྱི་བདེ་སྡུག་གི་གཞི་རྩའམ་གོ་ལ་འདིའི་འབྱུང་འགྱུར་གྱི་ཆེད་དུ་འབད་པ་ཧུར་ལེན་བྱེད་བཞིན་མཆིས།
ཡོད་ཚད་རྨི་ལམ་གྱི་དག་ཞིང་ལ་ཉུལ་དུས་ཁྱེད་ཁོ་ནས་རྗེས་ལུས་ཀྱི་རི་གྲོང་འདིའི་རྣམ་པ་བསྒྱུར་པར་འབད་འབོངས་རབ་དང་རིམ་པ་བྱེད་བཞིན་ཡོད། ལ་ལས་བཤད་ན་ཁྱེད་ནི་བདེ་སྐྱིད་ལོངས་སུ་སྤྱོད་མི་ཤེས་པའི་པའི་སྡུག་ཉོ་མཁན་དེ་རེད་ཟེར། ལ་ལས་བཤད་ན་རྒྱན་མཁན་པོས་གསུངས་པ་ལྟར། མ་ཤི་བར་དུ་བདེ་བར་འཚོ།། ཤི་ན་དེ་ཡི་སྤྱོད་ཡུལ་མིན།། ལུས་ཀྱང་ཐལ་བ་བཞིན་སོང་ནས།། སླར་ཡང་འཚོ་བར་ག་ལ་འགྱུར།།ཅེས་འཕྱ་སྨོན་གྱི་གནས་སུ་བྱས་ཀྱང་། གང་ལྟར་བདག་གིས་དེ་ལས་ལྡོག་སྟེ། ཡོད་ཚད་གནས་སྐབས་ཀྱི་བདེ་བ་ལ་མགོ་རྨོངས་དུས་ཁྱེད་ཁོ་ནས་ད་གཟོད་གནས་སྐབས་ཀྱི་བདེ་སྐྱིད་ནི་འབྱུང་འགྱུར་གྱི་སྡུག་བསྔལ་ཡིན་པ་རྟོགས་ཤིང་མཐར་ཐུག་གི་བདེ་བ་ལ་བསྙེག་མཁན་དེ་ཡིན་པར་རློམ།
བཤེས་གཉེན་ལགས། ཤེས་རིག་གི་སྐོམ་གདུང་གིས་མནར་པའི་རྩམ་ཕྲུག་ཆུང་ཆུང་ང་ཚོར་སད་རྟོགས་ཀྱི་འདུ་ཤེས་བཙན་པོའི་ཆོས་ཉིད་ཀྱི་གདམས་ངག་རེ་རེ་གནང་དུས། ང་ཚོ་ནི་ཁ་བ་ཅན་གྱི་མ་འོངས་ཀྱི་རེ་བ་དང་རྒྱུད་འཛིན་པ་ཐོག་མར་རྟོགས་ཅིང་། ཁྱེད་རང་ནི་ང་ཚོས་ཆེས་མཐོ་སར་བསྒྲེངས་ཆོག་པའི་བདེན་དོན་གྱི་དར་ཆ་དེ་ཡིན་པར་ངེས། རྒྱུ་མཚན་དེའི་དབང་གིས་བདག་གི་ཚེ་སྲོག་གི་ཟུངས་ཁྲག་གི་བཞུར་རྒྱུན་མ་འགག་བར་དུ་ལོ་རེའི་ཟླ་དགུ་བའི་ཚེས་བཅུ་ཉིན་ནི་ང་ཚོའི་གཟི་བརྗིད་ཀྱི་དུས་སྟོན་ཞིག་ཏུ་སྒོམ་ནས་རྟེན་འབྲེལ་ཞུ་བཞིན་ཡོད།
བཤེས་གཉེན་ལགས། ཁྱེད་ཀྱིས་ཕྱི་ཐག་གི་ཨ་ལོང་དམ་པོས་རང་རིགས་ཀྱི་མ་འོངས་འབྱུང་འགྱུར་དང་མཐུན་སྒྲིལ་ལ་གཙིགས་མཐོང་བྱས་ཏེ། ཉམ་ཆུང་བའི་ལང་ཚོ་ཙག་དང་རླུང་ལ་སྐུར་པ་ཐེངས་གཅིག་མིན། ཇི་སྐད་དུ། ནངས་སྔ་དྲོའི་བླ་མའི་རྣམ་ཐར་ནི་དགོང་ཕྱི་དྲོ་སློབ་མའི་ཉམས་ལེན་ཡིན་ཟེར་པ་ཇི་བཞིན་དུ། ཁྱེད་ཀྱི་ཉམས་མེད་ཀྱི་དཔའ་སྟོབས་ཀྱི་བསླབ་བྱ་རེ་རེ་ནི་ང་ཚོ་སློབ་བུ་རྣམས་ཀྱི་མ་འོངས་འཚོ་བའི་ཉམས་ལེན་ཡིན་ཞིག་དུ་བརྩིས་ཡོད།
བཤེས་གཉེན་ལགས། ཤེས་རིག་གི་ལྷ་གསོན་པོ། གངས་རི་འདིའི་པང་ཁུག་ཏུ་ཉལ་བའི་ང་དང་ང་འདྲ་བའི་རྩམ་ཕྲུག་ཆུང་ཆུང་མང་བོ་ཞིག་གིས་དུས་གཏན་དུ་ཁྱེད་ཀྱི་ལྷག་བསམ་ལ་སྨོན་པ་དང་བཀའ་དྲིན་ཡང་དུ་ཞུ་བཞིན་ཡོད།