སྙན་ངག་པའི་རྒྱལ་ཁམས།

འཇུ་སྐལ་བཟང་།        2011-01-04

སྙན་ངག་པའི་རྒྱལ་ཁམས་ནི།
ཚོན་མདངས་སྣ་ཚོགས་འདྲེས་པ་ཁྲ་ཤིག་གེ་བ་ཞིག་མིན་ལ།
དེ་ན་རྟོག་བཏགས་ཀྱི་སྦྲང་ཆང་དང་མཛེས་མའང་མེད།
སྙན་ངག་པའི་རྒྱལ་ཁམས་ན།
ལུང་ཚིག་དང་རྣམ་གཞག་དེ་ཚོ་ཡོད་མ་མྱོང་།
 
སྙན་ངག་པའི་བསམ་གཞིག་དེ།
ཚགས་མ་རུ་ཆུ་བླུགས་པ་བཞིན།
ཐོལ་གྱིས་ཐོན་ཞིང་ཤར་གྱིས་འགྲོ་བས།
ཞག་མལ་ཡེ་མི་གཏོང་།
ཚོར་བ་སྣ་ཚོགས་ཀྱང་གཙང་ཆེན་རགས་ལས་ཤོར་བ་བཞིན།
གང་ཤར་ལ་འདོར་ལེན་ཐེངས་གཅིག་གིས།
ཐམས་ཅད་ལམ་གཞུང་གཅིག་ཏུ་སྡུད་ཅིང་འགྲོ།
སྙན་ངག་པའི་རྒྱལ་ཁམས་ནི།
སྟོང་བ་འབའ་ཞིག་ལགས་ཏེ།
སྟོང་བ་ཁོ་ནར།
གནམ་ས་གཤོང་ཐུབ།
  • ལེ་ཚན་སྔོན་མ།:མགྱོགས་བྲིས་ཁག་གསུམ།
  • ལེ་ཚན་རྗེས་མ།:བཤེས་གཉེན་ལ་བསྟོད་པ།