དཔྱིད་དཔལ་བསྟོད་པ་གཡས་འཁྱིལ་དུང་གི་རང་སྒྲ།

ཡ་མ་རྒྱལ་མཚན།        2016-11-14

གཞན་གསོས་བུ་མོས་དབྱངས་རྟ་མཁའ་ནས་གྱེར།།
རིན་ཆེན་གཡུ་སྐུད་རྩྭ་ཕྲན་སྤང་གདན་འདིང་།།
བསེར་བུ་རྟ་མཆོག་བཞོན་པའི་དཔྱིད་དཔལ་སྒེག།
མི་ཡུལ་དག་ཞིང་ཚལ་དུ་བག་མར་བསུ།།
མཚན་གྱི་གཞོན་ནུས་མཛའ་གྲོགས་བྲིད་བགྱིས་ཏེ།།
དུས་ཀྱི་རྟ་ཕོར་བཅིབས་ནས་དཔྱིད་རྗེས་བསྙེགས།།
ཉིན་དཀར་བུ་མོ་རྨོངས་ཤིང་མཚན་མོའི་ཁྱོ།།
སྒུག་བཞིན་སྒུག་བཞིན་གོམ་པ་དལ་གྱིས་རྒྱུ།།
སྦྲང་ཆར་ཟིལ་མའི་བདུད་རྩི་འཇོ་དང་ལྷན།།
འཇའ་ཚོན་སྣ་ལྔའི་མེ་ཏོག་མཁའ་ནས་གྲོལ།།
ཡན་ལག་བརྒྱད་ལྡན་གཡུ་འབྲུག་དོག་མོར་འཁྱུག།
དཔྱིད་དཔལ་དགའ་མའི་བཞིན་ལ་འཛུམ་མདངས་ཕྱུང་།།
ལྗོན་པ་རྒན་པོ་སྤྲོ་ཞིང་བག་ཕེབས་ངང་།།
སྐྱ་མདོག་ཡལ་གའི་ལག་པར་གཡུ་གོས་བཀླུབས།།
ལྕུག་ཕྲན་ཕྱག་མཛུབ་ལྔ་པོ་མཐོར་བཏེགས་ཏེ།།
སིལ་ཏོག་སེན་མོ་འོད་ཟེར་དཔལ་མདངས་ངོམ།།
རྐང་གཅིག་འཁོར་རྟེན་ཚིགས་མང་དྲང་ངེར་འགྱིང་།།
མཚར་སྡུག་རྫོགས་པའི་འདབ་ལྔའི་འཇའ་ཚོན་བཀྲ།།
ཕུན་ཚོགས་ཟིལ་ཆུ་མུ་ཏིག་དཀར་པོ་འཛིན།།
འབྱམས་ཀླས་སྤང་ལྗོངས་ཁུག་གི་མེ་ཏོག་མཛེས།།
མུ་མེད་ཀུན་གསལ་གཡུལ་གྱི་ཐང་ཆེན་ན།།
མྱུར་མོ་བདེ་འཐུང་སྐད་ཅིག་སྐད་ཅིག་འབར།།
འཇིགས་ཆེན་སྒྲ་བརྒྱ་ལྡིར་སྒྲས་ས་གསུམ་ཡོམ།།
མཁའ་ཡི་གླང་ཆུང་སྐྲག་སྟེ་མིག་ཆུ་གཏོར།།
རབ་མཛེས་ཆུ་འཛིན་དཀར་པོ་ལྷ་ལམ་བཞུད།།
གྲུ་ཆར་སྨན་བཟང་ཐིགས་པ་གཏོར་བ་དེས།།
སྐོམ་གདུང་བརྒྱ་ཡིས་མནར་བའི་འགྲོ་བ་དང་།།
རྩི་ཤིང་འབུམ་ཕྲག་དུ་མར་ཕན་བདེ་བསྩལ།།
སྤང་ལྗོངས་རྒྱན་གྱུར་མེ་ཏོག་བཞིན་རས་འཛུམ།།
དར་དིར་སྒྲོག་མཁན་བུང་བའི་ཟུར་མིག་གཡོ།།
ཟིལ་ཆུ་མུ་ཏིག་འདྲེན་བྱེད་རྣམ་པར་གསལ།།
གཟུགས་འཛིན་རྒྱལ་མོའི་གེ་སར་དཔལ་དུ་སྒེག།
གཡའ་དག་སྤྲིན་བྲལ་ལྷ་ལམ་དཀྱིལ་འཁོར་ན།།
བསིལ་བྱེད་བཙུན་པའི་གཟི་འོད་ལྷམ་མེར་གསལ།།
ཚང་ཚིང་ནགས་ཚལ་གླིང་ཀའི་མཛེས་སྤྲས་མཁན།།
ཀུན་དའི་སྨན་ཆུང་འདྲེན་བྱེད་རྒྱན་དུ་འཕྲོ།།
མཚར་སྡུག་རྫོགས་པའི་གླིང་ཀའི་ལྷ་རྫིང་གཅིག།
ཉམས་བརྒྱད་བསྒྱུར་བའི་ལྗོན་གཞོན་སྒེག་མ་གཉིས།།
སྙན་འགྱུར་འཇེབས་པའི་ལྷ་བྱ་ཁུ་བྱུག་གསུམ།།
གླུ་ལེན་གར་སྟབས་བསྒྱུར་ལ་ཉེ་བར་བྲེལ།།
ཡིད་དབང་དཔྱིད་དཔལ་སྒེག་མས་གཡུ་གོས་དང་།།
གསེར་དངུལ་མེ་ཏོག་དུ་མས་བརྒྱན་བཏབ་དུས།།
དྲེགས་འཛིན་བསིལ་ལྡན་དགུན་གྱི་སྒྲེན་མོ་ཡང་།།
སྐྱེངས་པས་མ་བཟོད་སྲིད་པ་གཞན་དུ་བྲོས།།
གནམ་ས་འཁྲིག་སྦྱོར་རྐྱེན་ལ་མ་བརྟེན་ཞིང་།།
ཕོའི་མཚན་མོར་སྦྱར་ལས་ཀྱང་མ་བགྱིས་པ།།
ཕུལ་བྱུང་རྫོགས་པའི་དཔྱིད་དཔལ་སྒེག་མ་ལ།།
ལྗོན་གཞོན་གྲངས་མེད་བཙས་པ་ངོ་མཚར་རྨད།།

  • ལེ་ཚན་སྔོན་མ།:ཟླ་བཅུ་བར་མཇལ་ཡོང་།
  • ལེ་ཚན་རྗེས་མ།:ལེགས་བཤད་རིན་པོ་ཆེའི་གཏེར།