དགེ་རྒན་དམ་པ།

ཁམས་མེ་ཞགས།        2016-09-12

སྔོན་བྱོན་མེས་པོ་ཚོའི་རྣམ་དཔྱོད་ཁྱེར་ཏེ།
གསར་སྐྱེས་གཞོན་རབས་ཚོའི་ཕུགས་བསམ་སྙེག་གིན།
དུས་རབས་དང་དུས་རབས་ཀྱི་མཚམས་ན།
མི་རབས་དང་མི་རབས་ཀྱི་བར་ན།
ལྷག་བསམ་གྱི་རི་མོ་དེ་སྒོ་སམ་ལ་བྲིས་ཡོད།
ཡལ་མེད་ཀྱི་སྙིང་སྟོབས་དེ་དཔེ་དེབ་ལ་འཐིམས་ཡོད།
དགེ་རྒན་དམ་པ། ཁྱེད་ནི་མིའི་རིགས་ཀྱི་དེད་དཔོན་ཡིན།
མ་འོངས་འཕེལ་རྒྱས་ཀྱི་མདུན་ལྗོངས་བསལ་ཏེ།
ད་ལྟའི་བརྩོན་འགྲུས་ཀྱི་རྟ་མཆོག་ལ་ལྕག་གིས་སྐུལ་གྱིན།
ལོ་ཟླ་དང་ལོ་ཟླ་ཡི་མཚམས་ན།
དབྱར་གནང་དང་དགུན་གནང་གི་བར་ན།
སྐུ་ཡི་ལང་ཚོ་དེ་སློབ་གསོ་ཡིས་བཏུམས་ཡོད།
འཚོ་བའི་གོམས་གཤིས་དེ་སློབ་མ་ལ་འདྲེས་ཡོད།
དགེ་རྒན་དམ་པ། 
ཁྱེད་ནི་མིའི་སེམས་ཀྱི་དྲོད་ཐིག་ཁོ་ནའོ། །
  • ལེ་ཚན་སྔོན་མ།:དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ།
  • ལེ་ཚན་རྗེས་མ།:དགའ་ལྡན་ལྔ་མཆོད་ཀྱི་ལེགས་སྐྱེས།