ཞོགས་པའི་སྐྱ་རེངས།
ཉི་ཟེར་གྱི་རྩེ་མོ་མཁའ་ལ་འཕགས་དུས།།
མཚམས་སྤྲིན་གྱི་ལྭ་བ་དམར་པོར་འགྱུར་དུས།
ལང་ཚོ་ཡིས་ཕྱུག་པའི་འཕྱོར་སྒེག་གི་བུ་མོས།
གསེར་གྱི་ཅོད་པན་འདོགས་པའི་དུས་ལ་བབས།
ཁ་རོག་གེར།
སྙན་ངག་གི་ལག་པ་མཐོན་པོར་བསྲིངས་ཏེ།
ཁྱོད་ཀྱིས་འཕྱོར་སྒེག་གི་ལང་ཚོས།
དཔྱིད་གསུམ་གྱི་དཔལ་ཡོན་ལ་དྲོད་ཁོལ་རྒྱས་ཕྱིར།
ངའི་ཧམ་སེམས་དང་སྙན་ངག་གིས་ཁྱོད་ལ་བྱིལ་བྱིལ་བྱེད།
ཞོགས་ཀའི་རི་རྩེ་ནས།
མཁའ་དབྱིངས་སུ་རྒྱུ་བའི་སྤྲིན་དཀར་ཀྱི་ཚོམ་བུ་དག
རིམ་གྱིས་དམར་པོར་གྱུར་བ་ན།
གསེར་གྱི་དོང་ཙེ་ལྟ་བུའི་ཉི་གཞོན་ཞིག་མཁའ་ལ་མཆོང་།
འཛིན་མའི་ལང་ཚོ་ལ་གཡུ་མདོག་གི་ན་བཟའ་བཀླུབས།