གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ།
ནུབ་གླིང་ཡུལ་ན་ཚན་རྩལ་རིག་པས་ཕྱུག །
ཉིན་མཚན་མེད་པར་བསམ་བློས་མི་ཚེ་སྤྱད། །
སྔོན་ཐོན་གོམ་མྱུར་འགྲན་པའི་དུས་རབས་འདིར། །
གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ། །
ཀ་ཁ་ག་ང་མེས་པོའི་ཞལ་གསུང་ཡིན། །
རང་སྐད་གཙང་མ་ཕ་མའི་ངག་རྟ་ཡིན། །
རང་གིས་རང་ཉིད་སྐྱོང་པའི་དུས་རབས་འདིར། །
གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ། །
ཕྱི་ཡི་དཔལ་ཡོན་ཉིན་དང་ཉིན་བཞིན་རྒྱས། །
ནང་གི་ཤེས་རིག་དེ་དང་དེ་བཞིན་ཏེ། །
ཤེས་བྱའི་འགྲན་རྩོད་གསར་པའི་དུས་རབས་འདིར། །
གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ། །
མི་རབས་གོང་མའི་ཤུལ་བཞག་འདི་ན་མཆིས། །
དུས་རབས་གསར་པའི་ཚན་རྩལ་འདི་ན་དར། །
ཅི་དགར་ལོངས་སུ་སྤྱོད་པའི་དུས་འདིར་ཡང་། །
གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ། །
མི་རིགས་བར་གྱི་མཛའ་མཐུན་རིང་དུ་བརྟན། །
རྣམ་དཔྱོད་འགྲན་པའི་ངར་ཤུགས་སྔར་ལས་ཟབ། །
ཡོད་ཚད་མདུན་ལམ་ཞེན་པའི་དུས་རབས་འདིར། །
གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ། །
རང་སྐད་བཤད་པ་ཁྱེད་ལ་རང་དབང་ཡོད། །
རང་སྲོལ་སྤྱོད་པ་ཁྱེད་ལ་རང་དབང་ཡོད། །
མདོར་ན་རང་དབང་ཅན་གྱི་དུས་རབས་འདིར། །
གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ། །
དལ་འབྱོར་རྟེན་གྱི་མི་ཚེ་རྫོགས་ལ་ཁད། །
རང་ཉིད་མི་ཡུལ་འདི་དང་བྲལ་ལ་ཁད། །
བྲལ་དང་རྫོགས་ལ་ཉེ་བའི་དུས་རབས་འདིར། །
གཅེས་ཕྲུག་གཉིད་ནས་མ་འདུག་ཕ་བཟང་བུ། །