སྲོལ་རྒྱུན།
སྟག་དབང་རྒྱལ་ནས། 2016-06-06
སྦྲང་དཀར་རྩམ་པ་བོད་པའི་ཁ་ཟས་ཡིན།།
གངས་ཆུ་དྭངས་མ་བོད་པའི་འཐུང་ཆུ་ཡིན།།
སྦྲ་ནག་གྲུ་བཞི་བོད་པའི་ཕ་ཁྱིམ་ཡིན།།
རྟ་ནོར་ལུག་གསུམ་བོད་པའི་འཚོ་རྟེན་ཡིན།།
བྱམས་དང་སྙིང་རྗེ་བོད་པའི་སྲོལ་བཟང་ཡིན།།
མཐུན་སྒྲིལ་ལག་ཟུང་བོད་པའི་ཁྱད་ཆོས་ཡིན།།
གངས་རི་དཀར་པོ་བོད་པའི་སེམས་པ་ཡིན།།
བཅུ་ཕྲག་རིག་གནས་བོད་པའི་ཁྱད་ནོར་ཡིན།།
དམ་པའི་ལྷ་ཆོས་བོད་པའི་གཟི་བརྗིད་ཡིན།།
མེས་པོའི་སྲོལ་རྒྱུན་བུ་ངས་ཚེ་སྲོག་ཡིན།།
ཕ་མའི་སྲོལ་བཟང་སྐྱོངས་བའི་བུ་ཆུང་ངས།།
ཁ་བའི་ལྗོངས་སུ་བུ་ཆུང་ང་རང་སྐྱིད།།