དབྱར་རྩྭ་དགུན་འབུ།

དབྱངས་ཅན་རིག་པའི་འདོད་འཇོ།        2016-04-26

གངས་རིའི་རྫ་ལ་ཉེ་བའི་སྨན་ལྗོངས་སུ།།
རྒྱ་མཚོའི་ངོས་ལས་བཞི་སྟོང་འཕགས་པའི་རིར།།
ནད་བརྒྱ་སྨན་གཅིག་གྱུར་པའི་འཚོ་བཅུད་རྫས།།
དབྱར་རྩྭ་དགུན་འབུ་འགྲོ་བའི་ལས་ཀྱིས་གྲུབ།།
    
རྫ་བྲག་གངས་གསུམ་འཐབ་པའི་ས་ཡི་བཅུད།།
ས་འབུ་སྐྱ་ནར་མགོ་རྭ་སྐྱེས་པའི་སྨན།།
དེང་དུས་ཀུན་གྱི་འཚོ་བ་དེ་རུ་བརྟེན།།
 
མགོར་རྩྭ་མ་སྐྱེས་སྲོག་ལྡན་འབུ་ཡི་རིགས།།
རྩྭ་རྐང་མགོ་ནས་ཐོན་དུས་སྲོག་དབུགས་བྲལ།།
རྭ་ཡི་རིང་ཐུང་ཁྱད་པར་ཅུང་ཡོད་ཅིང་།།
རྐོ་བའི་དུས་སུ་སྡིག་པའི་ལས་ལ་འཛེམ།།
    
མིག་ཟུང་མཆི་མས་འབགས་ཏེ་ཉིན་ཧྲིལ་བོར།།
བཙལ་ཅིང་རེ་འགའ་ལག་ཏུ་སོན་ན་ཡང་།།
སྟོད་གོས་ཕུ་རུང་གྲུ་མོའི་ཐད་དུ་རལ།།
སྨད་ཀྱི་དོར་མ་པུས་ཚིགས་སྟེང་ན་བརྡོལ།།
    
ལྟོགས་སྐོམ་ངལ་གྲང་སྡུག་བསྔལ་ཚད་ལས་འདས།།
ཟས་དང་ལུས་ཀྱི་སྤྱོད་ལམ་ལོག་པའི་འབྲས།།
ཚ་འཁྲུལ་སྐབས་སུ་མིག་ལམ་འབུ་ཡིས་གང་།།
སྨན་གསོའི་ཡོན་ལ་རྩྭ་འབུས་ག་ནས་འདང་།།
    
ལ་ལ་ས་སྲུང་ཇག་པས་འཕྲོག།
རེ་འགའ་ས་མཐོ་གྲང་བས་ཤི།།
སྲོག་ལ་བསྡོས་པའི་རྩྭ་འབུ་དག།
འཇིག་རྟེན་འཚོ་བའི་ཟས་སུ་གྱུར།།
    
བོད་མི་འབུ་རྐོན་ཕལ་ཆེར་སྨན་གྱིས་གསོ།།
གཞན་དག་འབུ་ཉོ་ཧ་ལམ་ཕྱུག་པོར་གྱུར།།
ཕྱུག་པོ་འབུ་བསྟེན་ལུས་ལ་བདེ་ཐང་འབྱུང་།།
སྟོབས་འབྱོར་ཆེ་ཆུང་དབང་གིས་ཡིན་ནོ་ལོ།།
    
རྭ་ཅོའི་རིང་ཐུང་ཤི་འབུ་གསོན་འབུ་དང་།།
མིག་སེར་མིག་དམར་ནགས་འབུ་སྤང་འབུ་སོགས།།
ཕྱེ་སྟེ་རིན་གོང་བཤད་ཚུལ་སྣ་ཚོགས་པ།།
བོད་མིས་བཏུས་ཚད་གྲོང་ཁྱེར་དག་ན་བསྒྲགས།།
    
བསེ་རག་འགོང་བོ་ཆེ་བའི་དུས་མཐའ་འདིར།།
མི་རེའི་སེམས་ན་ནོར་གྱི་གནོད་ཤུགས་དག།
ཆེ་བས་ལྟོ་རྒྱབ་དོན་དུ་བརྐོས་པའི་འབུ།།
སྤྱི་མཐུན་ལས་ཀྱིས་གྲུབ་ན་སྤྱོད་ཀྱང་རུང་།།
  • ལེ་ཚན་སྔོན་མ།:དབྱར་རྩྭ་དགུན་འབུ།
  • ལེ་ཚན་རྗེས་མ།:བྱིས་པའི་མིག་དབང་སྤྱད་ནས་རྨོ་མོ་དྲན་པ།