གཡག་ཀོ།

འབའ་འབའ་ལུ་གུ        2016-04-11

ཁོས་ཟོག་ཀོ་ཉོ་མཁན་རྒྱ་རྒན་སྨ་ར་ཅན་དེའི་ཀོ་ལྷམ་ཡུ་རིང་ནག་ཤིག་ཤིག་དེར་ཡུན་རིང་བལྟས་རྗེས་ཐེ་ཚོམ་དང་བཅས་ཨ་རྒྱ་ཀྲང་གོ། ཁྱོད་ཀྱི་ཀོ་ལྷམ་འདི་ཇི་འདྲའི་སྤུས་ཀ་ཅན་ཞིག་རེད་ཨང་། རྒྱུ་ཅི་ཞིག་གིས་བཟོས་པ་རེད་ཅེས་དྲིས།
རྒྱ་རྒན་དེས་ཁོང་དགོད་ཅིག་བྱས་ནས་རྒྱབ་ཏུ་སྤུངས་པའི་ཀོ་ཕུང་དེའུ་འབུར་འདྲ་བ་དེར་མཛུབ་མོས་བསྟན་ཏེ་དེ་གཡག་ཀོ་ཡིས་བཟོས་པ་རེད་ཟེར།
ཁོས་ད་སོ་མ་རང་གིས་བཙོང་བའི་གཡག་རྒན་ཚེ་ཐར་གྱི་ཀོ་བ་ལ་གཅིག་བལྟས་ཤིང་། སླར་ཡང་རྒྱ་རྒན་དེའི་མཛེས་ཤིང་སྤུས་ཀ་ལྡན་པའི་ཀོ་ལྷམ་དེར་གཅིག་བལྟས་ནས་མགོ་ཐད་དུ་གཡུག་བཞིན་ཧེ་ཧེ། ཨ་རྒྱ་ཀྲང་གོས་ཀུ་རེ་རྩེ་པ་འདུག་ཟེར།
རྒྱ་རྒན་དེས་ཁོར་ཀོ་རིན་སྒོར་བརྒྱ་དང་ལྔ་བཅུ་བྱིན། ཁོས་སྒོར་མོ་བརྩིས་རྗེས་འཕྲུལ་རྟའི་སྣུམ་རིན་ལ་སྒོར་ལྔ་བཅུ། ལག་ཁྱེར་ཁ་པར་ནང་སྒོར་ལྔ་བཅུ། རྒན་མོའི་ཁ་པར་ནང་སྒོར་ལྔ་བཅུ་བླུགས། ཨོ་ཧ་བོ། བརྗེད་སོང་ཟིན གཡག་རྒན་དྲིན་ཅན་དེའི་དགེ་རྩར་མ་ཎིའི་དར་ལྕོག་ཁྲུ་ཙི་བརྒྱ་ཉོ་དགོས་པ་མ་ཡིན་ནམ་ཞེས་ཁེར་ལབ་རྒྱག་ཞོར་སོང་།
ལམ་དུ་ཁོའི་མིག་ནང་དཔྱིད་ཉི་མ་རིང་དུས་ཀྱི་སྐྱ་ཆད་སྔོ་གཏུག་གི་ཡུལ་ལྗོངས་ཟད་པོ་དག་ཤར་ཡོང་ཞིང་། ངན་ཤི་ཐེབས་པའི་ཕྱུགས་ཟོག་གི་ཀོ་བ་ཚང་མ་རྒྱ་རྒན་དེའི་ཀོ་ལྷམ་སྤུས་ཅན་དེར་གྱུར་བ་ལྟ་བུའི་ཚོར་སྣང་སྐྱེས།།
  • ལེ་ཚན་སྔོན་མ།:ལྷད་མེད་སེམས་ཀྱི་འབོད་སྒྲ།
  • ལེ་ཚན་རྗེས་མ།:དམིགས་བསལ་སློབ་གྲྭ།