2026-07-20
རི་ཆུར་འཐིམས་པའི་རྣམ་ཤེས།
《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》བཀླགས་བྱང་།
བསྟན་དར།
ང་ནི་ནམ་རྒྱུན་ནས་མི་ཨག་གསར་ཅན་ནམ་ངང་རྒྱུད་ཐུང་ངུ་ཅན་ཞིག་ཡིན། ང་དང་ཆུང་མ་འགལ་བ་བྱུང་ཚེ་མོས་རྟག་པར་ང་ལ་ངང་རྒྱུད་ཐུང་པོ་འདུག་ཅེས་བཤད་ཀྱིན་ཡོད་ལ་བདེན་པའང་འདུག། འདས་པའི་མི་ལོ་དུ་མར་དཔེ་ཀློག་ལ་ལྐུགས་པ་ཨུ་ཚུགས་ཀྱིས་གཞོལ་གྱིན་ཡོད་མོད། འཐུས་སྒོ་ཚང་བའི་དཔེ་ཀློག་དང་རང་ལ་དབང་བའི་རིན་བྲལ་གྱི་ཤེས་རབ་ཅིག་ནི་རྒྱུད་ལ་སྐྱེ་ཡི་མེད་པའི་ཚོར་བ་ཇེ་ཆེར་འགྲོ་བཞིན་འདུག་པས། ཉེ་དུས་ཤ་ཐང་ཀྱིས་རང་རེའི་མེས་པོའི་སྔོན་བཞུད་ཀྱི་ལམ་བུ་དང་། འཚོ་ཐབས། མི་རིགས་ཤིག་གི་དར་རྒྱུད་ཀྱི་ལོ་རྒྱུས། བཅས་ལ་རྒྱུས་ལོན་དང་ཕྱིར་འདང་གིས་མ་འོངས་རང་ཉིད་ལ་ཁ་ཕྱོགས་ཞིག་བཙལ་ཕྱིར《བོད་ཀྱི་ལོ་རྒྱུས་གཡུ་ཕྲེང》ཆ་ཚང་ཞིག་མཇལ་བའི་ཆོད་སེམས་བཅངས་མོད། ཐོད་པའི་རི་མོ་དང་ལས་ཀྱི་བསྐོས་སྟངས་ལ་འགྱུར་བ་མེད་པས་པོད་དང་པོ་ཚར་བ་ཙམ་ནས་ཨ་མ་ནད་ཀྱིས་བཙས་ཏེ། སྨན་ཁང་དུ་ལྷག་སོང་།
སྨན་ཁང་ནི་འུ་ཐུག་ཐབས་ཟད་ཀྱི་གནས་མལ་ཞིག་ཡིན་པ་ཀུན་གྱིས་རྟོགས་པས། དབུགས་རིང་ནར་ནར་དང་འཁུན་སྒྲ་ཙེར་ཙེར་གྱིས་ཁྲོད་ནས་གཉིད་ཀྱི་བདེ་བར་མྱོང་རྒྱུར་ཉིན་གྱི་སྐར་མའོ།། གློ་རྡེག་ཁ་པར་ལས《སྟོན་རྒྱབ་ཀྱི་འགྲུལ་བཞུད》ཅེས་པའི་རྩོམ་ཡིག་ཅིག་མཐོང་སྟེ་བཀླགས་པས་དེ་ལས། མི་ཚེ་ལན་གཅིག་གི་རིང་ལ་འཁོར་བར་ཞུགས་ཀྱང་རུང་། ལྡོག་ནའང་འདྲ། རང་སེམས་དང་མཐུན་ཞིང་རང་བློ་དང་འཚམས་ལ། རང་གི་ལྟ་བའི་རྗེས་སུ་འབྲངས་པའི་ལས་ཤིག་ལ་ཐོག་མཐའ་བར་གསུམ་དུ་འཇུག་རྒྱུ་ནི་གསེར་སྲང་སྟོང་གིས་ཀྱང་ཁུག་ཏུ་དཀའ་བ་ཞིག་རེད། ཅེས་པའི་ཚིག་དུམ་དང་། རི་ཆུ་ཞིབ་འབྲི། རིག་གནས་འཚོལ་ཞིབ་ཀྱི་རྩོམ་སྟངས་དེས་ང་རང་ཡོངས་སུ་བསླུས་ཤིང་སེམས་ཀྱི་ངལ་དུབ་ཀྱང་རེ་ཞིག་སངས། བསྟུད་མར་ལྟོགས་པ་ཟས་འདོད་བཞིན་དྲྭ་སྟེང་ནས་གངས་དབང་ཞེས་པའི་ཡིག་འབྲུ་གཉིས་པོར་བཏགས་པས་མུ་འབྲེལ་རིག་གནས་ལྷུག་རྩོམ་གྱི་བརྩམས་ཆོས་འགྲེམ་སྟོན་བྱས་པའི་ཆ་འཕྲིན་དང《ཕ་ལྟར་འགྱིང་བའི་གངས་ཏི་སེ་དང་མ་ལྟར་བཞུགས་པའི་མཚོ་མ་པང》ཞེས་པ་འཆར་བས་དབུགས་རྡེབ་ཅིག་གིས་བཀླགས།
མ་གཞི་ང་རང་ནི་མངའ་རིས་ཞེས་པའི་ས་དེར་དམིགས་བསལ་གྱི་ལྟ་སྟངས་ཞིག་ཆགས་པ་ནི་རྩོམ་པ་པོ་ཞིག་གི་མངའ་རིས་ནི་རྐང་ཐང་དུ་སླེབས་ནུས་པའི་དག་ཞིང་རེད་ཅེས་པས་ལན་ནམ། ཡང་ན་ངའི་མེས་པོ་གང་ཞིག་གི་རྣམ་ཤེས་མངའ་རིས་སུ་འཁྱར་ནས་ཡོད་པས་ཡིན་ནམ། གང་ལྟར། རྩོམ་འདི་ང་རང་ཤིན་ཏུ་མོས་པས་དེ་མར་རང་གི་གློ་ཉེ་བ་འགའ་ལ་ཀློག་པར་སྐུལ་བ་ཡིན་པར་མ་ཟད། འདི་ནི་ང་དང་རྒན་གངས་དབང་ལགས་ཀྱི་ཐོག་མའི་མཇལ་འཕྲད་ཀྱི་དབུ་འཁྱུད་ཡིན་ལ། 《རང་ཡུལ་རང་གི་བསྐོར་བའི་སྐྱིད་སྡུག》ནི་ང་དང་ཁམས་མོས་གཅིག་ཅིང་སྐྱིད་སྡུག་འང་གཅིག་པ་ཡིན་པར་ཐོག་མར་ངོ་འཕྲད་བྱེད་ཀྱི་གསེར་ཟམ་ཡིན།
དཔེ་ཀློག་ཐན་ཐུན་དང་གཞུང་ལུགས་ཉག་ཉོག་ལས་མེད་པ་བདག་གིས་ཆེ་ཆེ་བཙན་བཙན་ཞེས་མང་དུ་འབྲི་བར་མེད་ཀྱང་། དུས་ཀྱི་གཡོ་འཕྲུལ་རྒོད་ཀྱང་དབྱངས་གསལ་གྱི་སྐྱིད་སྡུག་ཡང་ཡང་འགམ་གྱིན་སྐད་ཡིག་གི་རྩམ་སྐྱ་ཡུན་གྱིས་བརྫི་བའི་སྐྱིད་སྡུག་ལ་བསམ་ན་བཀླགས་བྱང་ཐན་ཐུན་རེ་འབྲི་བ་ནི་སེམས་གསོ་དང་སྟོབས་ཤུགས་འབྱིན་པར་རེ་ཞིང་། སྒོས་སུ་རང་ཉིད་ཀྱི་དྲན་པ་བརྟན་ཕྱིར་རོ།།
དང་པོ། རྩོམ་གྱི་ནང་ནས་གངས་དབང་མཇལ་འཕྲད།
ཁྱེད་ཀྱིས་དེབ་འདིའི་ནང་ངོ་ཐུག་པར་སྨོན་ཞེས་པ་ལྟར། ངས་ཁྱེད་ལ་རྒྱུས་ལོན་ཏིལ་ཙམ་བྱུང་སོང་བ་འདྲ། ཁྱོད་ནི་རི་ཆུ་གཙུག་ཏུ་བཀུར། ཕ་ས་བྲང་དུ་ཉར། མེས་པོའི་ཤུལ་ལམ་ལ་རྡོག་པས་མནན་ཏེ། རང་ཡུལ་རང་གིས་བསྐོར་མཁན་ཞིག་རེད། ཡང་མཚམས་མཚམས་སུ་ཁྱོད་ནི་ང་དང་འདྲ་བར་ནམ་ཡང་ཕ་ཡུལ་དུ་ལོག་མི་ཐུབ་པའི་ཡུལ་གྱར་བ་ཞིག་ཡིན་པ་འདྲ། ཡིན་ཡང་། ཁྱེད་རང་དགའ་དུས་སོ་དཀར་སྟན་ས་དང་སྡུག་དུས་སེམས་པ་ཁེན་སའི་བློས་ཐོབ་ཀྱི་གྲོགས་པོ། གངས་དགའ། ཟེར་བ་ཞིག་འདུག། དེ་ནི་ཕ་ཡུལ་ཡིན་ཆོག་ལ། རི་ཆུ། ཕ་མ། སྤུན་མཆེད། དགའ་སྐྱོ། ཐ་ན་རྣམ་ཤེས་ཀྱང་ཡིན་ཆོག་པ་འདྲ། གང་ལྟར། ཁྱེད་རང་གིས་སྐད་ཆ་ལྟར། ཁྱེད་རང་ནི་ཉིན་མོའི་མཐོང་ཐོས་རེག་གསུམ་དག་མཚན་མོར་སླར་ཡང་ལྡད་བཅས་ཏེ་ཡི་གེར་བཀོད་པས་མགྲིན་པ་བརྣངས་ནས་མིག་རྩ་དམར་པོར་གྱུར་མཁན་གྱིས་གྲས་ཅིག་རེད། གཞུང་ལས་ཁང་གི་སྒོ་ཐེམ་ནས་རྡོག་པ་མི་དོན་ཞིང་གཞུང་ལུགས་ཀྱི་དཔེ་ཆ་བསྟུད་མར་ཕུད་པའི་མཁས་དབང་དག་དང་མི་འདྲ་བར་ཁྱེད་ནི་ཕྱི་ནང་གཉིས་ཀར་བྱང་ཆ་ལྡན་པའི་འཐབ་ས་དང་པོའི་རྩོམ་པ་པོ་ཞིག་རེད། ཡིན་ཡང། ང་གཉིས་ལ་ཡུལ་ཞེན་ཞེས་པའི་ལྕགས་ཐག་ཅིག་གིས་ཡང་ཡང་འཆིང་ནས་ཡོད་པས་ང་གཉིས་ལ་གུ་ཡངས་དང་བློ་བདེ་ཞེས་པ་ཞིག་གཏན་ནས་མེད།
གཉིས། ལྗོངས་རྒྱུའི་ལམ་ཐིག་རྟེན་འབྲེལ་རང་འགྲིག།
དེ་ཡང་། རང་ཡུལ་གད་པ་ཡིན་རུང་སྐྱིད། ཅེས་པ་བཞིན་ཐེངས་འདིའི་མུ་འབྲེལ་ལྷུག་རྩོམ་དེབ་བཞི་ལས་དེབ་དང་པོ་ནི《རྒྱལ་མོ་རོང་གི་རོང་གཏམ》ཞེས་པ་ནས་དབུ་འཛིན་དེ《ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད》ཅེས་པའི་བར་གྱི་ཁྱོན་རྩོམ་བཅུ་དྲུག་ཅན་གྱི་བདག་ཉིད་ཅིག་རེད། དེང་སྐབས་མི་ཚོ་ཆེ་བསྟོད་དང་དབང་དྲག་ལ་དགའ་བས་རྐྱེན་གྱི་མང་པོ་ཞིག་ལ་རྡོག་བརྫིས་བཏང་གིན་ཡོད་མོད། ཁྱེད་ཀྱི་ཐོག་མའི་རྟེན་འབྲེལ་ཞིག་གིས་དབུ་བརྩམས་ཏེ། རང་གི་ལྟེ་ཁྲག་དམར་པོ་ས་ལ་འཐོར་ས། ཕ་མེས་རྣམས་ཀྱི་ཚེ་བླ་སྲོག་གསུམ་བསྟིམས་སའི་རང་གི་ཕ་ཡུལ་ཏེ། ཁམས་ཀྱི་ས་ཆའི་རི་ཆུ་དང་། དེ་ལས་རྙེད་པའི་རིག་གནས་ཀྱི་རིན་ཐང་། གླིང་རྗེ་གེ་སར་དང་ཚངས་དབྱངས་རྒྱ་མཚོ་གཙོ་པའི་ལོ་རྒྱུས་ཀྱི་གསང་བ་གྱོན་པའི་མི་སྣ་འགས་སྙན་མོ་གཏམ་དང་སྡུག་མོ་ཡུས་ཀྱིས་འདས་པའི་ལོ་ཟླ་ནག་པོ་དག་ལ་མིག་གིས་འཚོས། རྣ་བས་མཉན་ཏེ། ཕ་ཡུལ་གྱི་དམངས་སྲོལ་དང་རིག་གནས། རི་ཆུའི་མཛེས་པ། ཐ་ན་གཞི་གྲུབ་ཡོད་ཚད་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་འཆིས་འདུག་པས། རྩ་བ་བོར་ནས་ཡལ་ག་འཛིན་པ་ལྟར་མ་སོང་བར་འདིའི་རྩོམ་སྒྲིག་གི་ཐད་ལའང་ཁྱེད་ཀྱི་འབད་པ་མང་པ་བཏང་བར་གོ་འོང་ཞིང་། བོད་རྟེན་འབྲེལ་གྱི་བདག་པོ་ཡིན་པས་འདིས་ཁྱེད་ཀྱི་བོད་ཁམས་ཧྲིལ་བོ་རིག་པས་བསྐོར་བར་རྟེན་འབྲེལ་འགྲིག་པར་སྣང་ཞིང་། མ་འོངས་པར་ཁྱེད་རང་འཛམ་གླིང་ཡོངས་སུ་རིག་པས་བསྐོར་བར་སྨོན་ལམ་ཞིག་ཀྱང་འདེབས་སོ།།
གསུམ། ཡུལ་ཞེན་གྱི་རྒྱ་ལས་མ་ཐར་བའི་ཐ་སྙད་སྣུམ་པོ།
ད་ལམ་ཁོམ་ལོང་ཞིག་བྱུང་ནས་མུ་འབྲེལ་རིག་གནས་ལྷུག་རྩོམ་དེབ་བཞི་ཀར་རགས་ཀློག་ཅིག་བྱས། སྤྱིར་རིག་གནས་ལྷུག་རྩོམ་གྱི་རྩོམ་བྱུང་ལོ་རྒྱུས་དང་གཞུང་ལུགས་ཀྱི་སྐད་ཆ་སྦོམ་པོ་མང་དུ་བཤད་རྒྱུ་ཡོད་ཀྱང་། ང་རང་དེ་ཙམ་གྱིས་ཞུ་སྤྲོ་མེད་པ། རྒྱུ་མཚན་ནི་གཞུང་ལུགས་ཀྱི་སྐད་ཆ་ནི་གཞུང་ལས་ཁང་ལས་རྡོག་ཐོན་མེད་ཅིང་རང་བྱུང་གི་འཇིག་པ་ལ་རྐུབ་ཚག་ཤོར་མཁན་དག་ལ་དབང་བ་ལས་རི་བོས་སྲུང་ཞིང་ཆུ་བོས་གསོས་པའི་ང་རང་ཚོ་ལ་གཞུང་ལུགས་དང་སྒྲིག་གཞི་ཞེས་པ་ཞིག་མེད། སྒོས་སུ། རིག་གནས་ལྷུག་རྩོམ་ཞེས་པར་ཁྱི་ལ་སེང་གེའི་མིང་ཞིག་འདོགས་རྒྱུར་མིན་པར་ལམ་གྱི་མཐོང་ཐོང་རེག་གསུམ་སེམས་ཀྱིས་གཅེས་ནས་བསམ་གཞིགས་ཀྱི་ལྕགས་ཀྱུ་བཀུག། ཞེན་ཆགས་ཀྱི་ཨ་ལོང་གྲིམ་པ་ལས་བྱུང་བ་ཞིག་ཡིན་དགོས་ཏེ། རེད་ཀྱང་འདུག།《ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ》ལས། མི་རབས་ནས་མི་རབས་མཐུད་དེ་ཡུལ་དུས་དང་བསྟུན་པའི་ཕྱི་ནང་གཉིས་ཀྱི་རིག་གནས་གསར་དུ་གཏོད་ནས་ས་མཐའ་བསྲུངས་པའི་མི་རིགས་འདི་ལ་བཅོས་མིན་ལྷད་མེད་ཀྱི་དད་བཀུར་ཞིག་སྐྱེས།《གནམ་སའི་བར་གྱི་མཆོད་མཇལ》ལས། བདེན་པ་དང་སྙིང་པོ་ནི་ཁྲ་ཁྲ་རིག་རིག་རིག་གིས་བཏུམས་ནས་མེད་པར་ཟུར་ཁུག་དང་མུན་ཁུང་ནང་ཡོད་པ་ཡིད་ལ་འཇོག་དགོས།《ཕ་ཡུལ་གྱིས་རུམ་པའི་སེམས་པ》ལས། རྒན་རྒོན་ཕལ་ཆེར་ལྔ་བའི་ལམ་དང་ཐག་ཉེ་བས་ཡུན་མི་རིང་བ་ན་ཕ་ཡུལ་ཡང་ལྷིང་འཇགས་ཁེར་རྐྱང་གི་ལུང་སྟོང་དུ་འགྱུར་མི་འགྲོའམ། བཅས་དཔེ་མཚོན་ཙམ་གྱི་ཚིག་ཐུང་འགའ་བཀོད་དེ། ཁྱེད་ཀྱི་ཡིག་འབྲུ་ཁྲི་ཚོ137ནི་ཡུན་ཞེན་དང་དམངས་སྲོལ་རིག་གནས་གཉིས་ཀྱི་རྒྱུ་སྤུན་ལས་གྲུབ་པའི་འུར་རྡོ་ཞིག་དང་འདྲ་བར་ཕྱི་རབས་པའི་མིག་འདུན་གཡུག་ཅིང་རྣ་བར་གྲག་གིན་འདུག།
དེའང་། དེ་སྔོན་རང་ཉིད་ཀྱིས་སློབ་ཁྲིད་ཀྱི་དགོས་དབང་ཞིག་གིས་མི་མང་འཚོགས་སར་རིག་གནས་ལྷུག་རྩོམ་ཡིན་མིན་གྱི་ཚད་ནི་ཡུལ་ཞེན་གྱི་བསམ་འདུ་དྲག་པོ་དང་རིག་གནས་ཀྱི་ཕྱིར་འདང་རྣོན་པོ་ཡོད་མིན་ལ་བཞག་དགོས་ཞེས་པ་དང་། ལྷུག་རྩོམ་དང་རིག་གནས་ལྷུག་རྩོམ་གཉིས་ཀྱི་ཁྱད་པར་ནི་རྒྱུན་པར་ང་ཚོས་བཏུང་བར་གོམས་པའི་བོད་ཐུག་ལ་ཤ་ཡོད་མེད་ཀྱི་ཁྱད་པར་ཡིན་ཞེས་བཤད་ཀྱང་ལ་ལས་མི་གོ་བ་ལྟར་སྣང་། ལ་ལས་མི་འདོད་བཞིན་བྱེད། དེའང་ཅི་སྐྱོན་ཏེ། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཡོད་པ་མིན་ནམ། གང་ལྟར། ཁྱེད་ལ་ཡུལ་ཞེན་ཞེས་པའི་ཐ་སྙད་ཅིག་གིས་བསླུས་ཟིན་པས་འདིས་སྐབས་འགར་རྩོམ་ཧྲིལ་པོར་གསེར་དངུལ་གྱི་རྒྱན་ཆ་སྤྲས་སྲིད་ལ། ཡང་ལ་ལར། གཉོམ་དུང་གི་སེམས་པ་སྙི་མོ་སྡུག་ལ་སྦྱར་བའང་ཐེངས་མང་ཡིན་ངེས། འདི་ནི་ང་གཉིས་ཐུན་མོང་ལ་ཡོད་པའི་རང་གཤིས་ཡིན་སྲིད་ལ་ང་རང་ཁྱེད་ལ་དགའ་བའི་རྒྱུ་རྐྱེན་གཙོ་བོའང་ཡིན།
བཞི། ཡར་རྒྱས་ཀྱི་འཕར་རྩ་ལྡིང་བའི་རྩོམ་པ་དོན་གཉེར་མཁན།
《རང་ཡུལ་རང་གིས་བསྐོར་བའི་སྐྱིད་སྡུག》གོ་རིམ་བཞིན་བཀླགས་པས་ང་ལ་ཐད་ཀར་གྱི་ཚོར་བ་ཞིག་སྦྱིན་སྲིད་པ་ནི་གངས་དབང་ལགས་ནི་དབྱངས་གསལ་ངག་ལ་དྲངས་ཏེ། རྩོམ་པ་དོན་དུ་གཉེར་མཁན་ཞིག་ཡིན་པ་རྟོགས། དེབ་དང་པོའི་ནང་གི་རྩོམ་དག་དང་དེབ་བཞི་པའི་རྩོམ་དག་ལ་རིག་གནས་ཕྱིར་རྟོག་དང་ལོ་རྒྱུས་དབྱེ་ཞིབ་སོགས་ཡོད་འོས་པ་དག་ཉུང་མེད་པའི་ཁར། རྩོམ་རིག་གི་ཞིབ་འབྲི་དང་མཛེས་རྟོག་གི་ལྟ་བ་གསར་བཞེངས། ཚིག་སྦྱོར་གྱི་སྙན་ཆ་སྡེབས་ལུགས་སོགས་ལ་དམིགས་བསལ་གྱི་འཕེལ་རྒྱས་ཆེ་བར་སེམས། རྒྱུ་མཚན《རྒྱལ་མོ་རོང་གི་རོང་གཏམ》དང《སྟོན་རྒྱབ་ཀྱི་འགྲུལ་བཞུད》གཉིས་ལ་མཚོན་ནས་བཤད་ན། གཉིས་གར་ལྗོངས་རྒྱུའི་མཐོང་ཐོས་རེག་གསུམ་གང་ཞིག་ལས་རིག་གནས་ཀྱི་རིན་ཐང་བཞེངས་བསྐྲུན་བྱེད་རྒྱུར་གཙོ་ཆེར་བཟུང་བ་ཡིན་ཀྱང་། ཚིག་སྦྱོར་གྱི་སྙན་ཆ། ཞིབ་འབྲིའི་འདྲ་བའི་ཆ་སོགས་གང་སྤྱིའི་ཐད་ནས་འཕེལ་རྒྱས་ཕྱིན་པ་མིག་མཐོང་ལག་ཟིན་དུ་གྱུར་བ་འདིས་ཁྱེད་ནི་བརྩམས་ཆོས་ཀྱི་ཁ་གྲངས་ལས་སྤུས་ཀ་བརྩེགས་ཆེན་འཛིན་མཁན་དང་ཁ་སྟོང་བས་ཨ་སྔོན་ལ་རྟ་རྒྱུག་ཅིང་དོན་ངོ་མས་ལག་འཐིལ་སོ་མི་འཐེབ་པའི་གྲས་ཤིག་མིན་པ་གསལ་མཚོན་བྱེད།
གང་ལྟར། ཁྱེད་ཀྱིས་ཡིད་ཀྱི་ཁྱེའུ་གངས་དགའ་ཁྲིད་དེ། རང་ཡུལ་རིག་པས་བསྐོར། མི་ཡུལ་གཏམ་དང་མི་ཁས་བསྐོར་ནས་དཔེ་ཚོགས་རི་བོའི་སྤུངས་འདྲ་ཕུད་ཀྱང་གྲོག་མས་ལ་མོ་བརྒལ་བ་ཇི་བཞིན། ཕ་ཡུལ་དང་ཡུལ་ཞེན་ཞེས་པ་གཉིས་ལས་བརྒལ་མི་སྲིད་ལ། བརྒལ་ཀྱང་མི་འོས། རྒྱུ་མཚན། ང་ཚོ་རི་ཆུ་དང་རྩྭ་ཐང་། སྐད་ཡིག། ཕ་ཡུལ། རིག་གནས་ཞེས་པ་དག་གིས་གསོས་ཡོང་བ་མིན་ནམ།
མཐར་ཁྱེད་ཀྱིས་ཉིན་གྱི་སྣང་བ་བཟས། མཚན་གྱི་མུན་པ་འགམ་པའི་ཉིང་བཅུད་ཕ་ཡུལ་ཞེས་པའི་ཡིག་འབྲུ་འདིས་གསང་བའི་མུན་པ་བརྟོལ་ཏེ། རི་ཆུའི་མཛེས་པ་ལེགས། ཡིད་ཀྱི་དང་བ་འདྲེན་པའི་དག་ཞིང་དེར་རྐང་ཐང་དུ་སླེབས་པའི་སྨོན་ལམ་ཞུའོ།།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10