2026-06-15
ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ཆེད། ཉེ་དུས་ནོར་སྲིད་པུའུ་ཡིས2026ལོའི་ཕྲུ་གུ་གསོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར999སྤྲད་པ་དེ་ན་ལོ་ལས་བརྒྱ་ཆ10.6འཕར་ནས་ས་གནས་ཁག་གི་ཆ་རྐྱེན་དང་མཐུན་པའི་ཕྲུ་གུ་དམར་འབྱར་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་པ་རེད། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་རིམ་ཁག་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་ཁྱོན་སྒོར་དུང་ཕྱུར1100ཙམ་བཀོད་སྒྲིག་བྱས་ཡོད་པ་རེད།
མིག་སྔར། 2026ལོར་ཕྲུ་གུ་གསོ་བའི་ཁ་གསབ་སྤྲོད་པའི་ལས་དོན་བརྟན་བརླིང་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། འབྲེལ་ཡོད་དོ་དམ་གཏན་འབེབས་གཞིར་བཟུང་། རིམ་ཁག་འཕྲོད་བསྟེན་བདེ་ཐང་སྡེ་ཚན་གྱིས་ཕྲུ་གུ་གསོ་བའི་ཁ་གསབ་ཞིབ་བཤེར་གཏན་འབེབས་དང་འགྲེམ་གཏོང་སྒྲིག་འཛུགས་ལག་ལེན་བསྟར་བའི་འགན་འཁུར་དགོས་པ་དང་། རྩ་དོན་ཐོག་དུས་ཚིགས་རེར་ཉུང་མཐར་ཡང་གཅིག་སྡུད་ཐོག་ཁག་གཅིག་འགྲེམ་གཏོང་བྱ་དགོས། དུས་ཚིགས་གོང་མར་གཏན་འབེབས་ཞིབ་བཤེར་ཆོག་མཆན་ཐོབ་པའི་རེ་ཞུ་དེ་དུས་ཚིགས་འདིའི་དུས་མཇུག་ལ་སྤྲད་ཚར་དགོས། ནོར་སྲིད་པུའུ་ཡིས་མུ་མཐུད་དེ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་ཕྲུ་གུའི་ཁ་གསབ་ལམ་ལུགས་ལག་ལེན་ཡག་པོ་བསྟར་ནས་མ་དངུལ་དོ་དམ་ནན་པོ་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། སྲིད་ཇུས་ནུས་པ་འདོན་སྤེལ་བཅས་བྱས་ཏེ་བུ་བཙའི་མཛའ་མཐུན་རྣམ་པའི་སྤྱི་ཚོགས་སྐྲུན་པར་རམས་འདེགས་བྱ་རྒྱུ་ཡིན་པ་བསྟན།
ཕྲུ་གུ་གསོ་བའི་ཁ་གསབ་ཕུད། མངལ་ཆགས་པ་ནས་བཟུང་ཕྲུ་གུ་ལོ་གསུམ་ལ་སླེབས་པའི་བར་ཁྱོན་འཚོ་ཕན་ཁག7ལོངས་སུ་སྤྱད་ཆོག།
༡. མངལ་སྦྲུམ་སྐབས་ཞིབ་བཤེར་འགྲོ་སོང་རྩིས་ཞུ།
མངལ་ཆགས་ནས་གཟའ་འཁོར12ཀྱི་ཡིག་ཚགས་བཟོས་རྗེས། གཏན་འཁེལ་སྨན་ཁང་དུ་བུ་བཙའ་ཞིབ་བཤེར་བྱ་དགོས། སྲིད་ཇུས་དང་མཐུན་པའི་བུ་བཙའ་ཞིབ་བཤེར་རྣམ་གྲངས་ཡིན་ཚེ། རྩིས་རྒྱག་སྐབས་ཐད་ཀར་འགྲོ་སོང་རྩིས་ཞུ་བྱ་ཐུབ། ལས་བཟོའི་སྨན་བཅོས་ཉེན་སྐྱོབ་དང་ཡང་ན་གྲོང་མིའི་སྨན་བཅོས་ཉེན་སྐྱོབ་གང་ཡིན་རུང་སྨན་བཅོས་ཉེན་སྐྱོབ་རྒྱུན་གཏན་ལྟར་ཉེན་སྐྱོབ་ནང་ཞུགས་ཚེ་ཞིབ་བཤེར་གྱི་འགྲོ་སོང་རྩིས་ཞུ་བྱེད་པའི་འཚོ་ཕན་ལོངས་སུ་སྤྱད་ཐུབ།
༢. སྨན་ཁང་དུ་བསྡད་ནས་ཕྲུ་གུ་བཙའ་བའི་འགྲོ་སོང་རྩིས་ཞུ།
ཐད་ཀར་སྐྱེས་པའམ་གཤགས་བཅོས་བྱས་ནས་སྐྱེས་པ་གང་ཡིན་རུང་། ཕྲུ་གུ་བཙས་ནས་སྨན་ཁང་དུ་སྡོད་པའི་སྨན་བཅོས་འགྲོ་གྲོན་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་གི་ཆ་ཤས་དེ་རྩིས་ཞུ་བྱ་ཆོག་པ་དང་སྨན་ཁང་ནས་ཕྱིར་འབུད་སྐབས་ཐད་ཀར་བསྡོམས་རྩིས་རྒྱག་ཆོག། ཕྲུ་གུ་ཡུལ་གཞན་ནས་སྐྱེས་པའི་དབང་དུ་བཏང་ནའང་སྨན་བཅོས་ཉེན་སྐྱོབ་ཀྱི་ས་ཆ་གཞན་ནས་ཐོ་འགོད་སྙན་སེང་སྔ་སྣུར་བྱས་ཚེ་འགྲོ་སོང་རྩིས་ཞུ་བྱ་ཆོག།
༣. བུ་བཙའི་གསབ་དངུལ།
དེ་ནི་ཆེད་མངགས་བུ་བཙའི་ཉེན་སྐྱོབ་སྤྲད་པའི་བུད་མེད་ལས་བཟོའི་བུ་བཙའི་འཚོ་ཕན་ཡིན་པས་མི་སྒེར་གྱིས་རང་འགུལ་ངང་རེ་ཞུ་བྱ་མི་དགོས་པར་གསབ་དངུལ་ཐད་ཀར་མི་སྒེར་གྱི་དངུལ་ཁང་རྩིས་ཚན་ལ་སྤྲད་རྒྱུ་རེད།
མཉམ་འཇོག་དགོས་པ་ཞིག་ལ། སྐྱེས་པ་ལས་བཟོ་བས་ཀྱང་བུ་བཙའི་ཉེན་སྐྱོབ་སྤྲད་དགོས་མོད། གལ་ཏེ་ཆུང་མར་ལས་དོན་མེད་ན་བུ་བཙའི་སྨན་བཅོས་གྲོན་དངུལ་རྩིས་ཞུ་བྱེད་པ་ལས་ཁ་གསབ་འདི་ལེན་མི་ཐུབ།
༤. ལོ0ནས་ལོ3བར་གྱི་ཀུན་ཕན་ཕྲུ་གུ་གསོ་བའི་དངུལ་སྨར་ཁ་གསབ་རོགས་དངུལ།
ཕྲུ་གུ་རེར་ལོ་རེར་སྒོར3600དང་ཟླ་རེར་སྒོར300ལེན་ཆོག། ཕྲུ་གུ་སྐྱེས་པ་ནས་བཟུང་ཕྲུ་གུ་ལོ་གསུམ་ལ་སླེབས་པའི་བར་ལེན་ཆོག། ཁྱིམ་དུ་ཕྲུ་གུ་མང་པོ་ཡོད་ཚེ་འཚོ་ཕན་རྩེག་སྣོན་བྱ་ཆོག་པ་སྟེ། ཕྲུ་གུ་ཚང་མས་ལོགས་སུ་ཁ་གསབ་རོགས་དངུལ་ལོངས་སུ་སྤྱད་ཆོག་པ་རེད། མཉམ་འཇོག་དགོས་པ་ཞིག་ལ། ཁ་གསབ་འདི་ལེན་པར་ཁྱིམ་བདག་གིས་ལོ་རེར་རང་འགུལ་ངང་རེ་ཞུ་ཐེངས་རེ་བྱ་དགོས།
༥. ལོ་གསུམ་མན་གྱི་ཕྲུ་གུ་དམར་འབྱར་ལ་ལྟ་སྐྱོང་མི་སྒེར་ཐོབ་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་ཆོག།
ཁྱིམ་དུ་ལོ་གསུམ་ནང་ཚུན་གྱི་ཕྲུ་གུ་ཡོད་པ་དང་ཕ་མས་རྒྱུན་ལྡན་ལྟར་སྒེར་གྱི་ཐོབ་ཁྲལ་སྤྲད་ན་སྐྱིན་འཐེན་འཚོ་ཕན་འདི་ལོངས་སུ་སྤྱད་ཆོག། ཕྲུ་གུ་རེར་ཟླ་རེར་ཐོབ་ཁྲལ་སྒོར2000སྐྱིན་འཐེན་བྱ་ཆོག། ལོ་ལྟར་མི་སྒེར་ཐོབ་ཁྲལ་རྩིས་རྒྱག་སྐབས་སྙན་སེང་ཞུས་ཚེ་དངུལ་ཁག་གཅིག་གྲོན་ཆུང་ཐུབ་ཀྱི་ཡོད།
༦. སྐྱེས་པ་ཕྱོགས་ཀྱི་སྐྱེ་རོགས་ནད་གཡོག་གི་ཁ་གསབ།
འཚོ་ཕན་འདི་ས་གནས་སོ་སོའི་སྲིད་ཇུས་མི་འདྲ། ཁ་གསབ་རོགས་དངུལ་ཡོད་མེད་དང་ཁ་གསབ་རོགས་དངུལ་ག་ཚོད་སྤྲད་མིན་ས་གནས་སོ་སོའི་གཏན་འབེབས་མི་འདྲ། སྐྱེས་པ་རྣམས་ཀྱིས་ས་གནས་དེ་གའི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་སོང་ནས་ས་གནས་དེ་གར་འཚོ་ཕན་ཡོད་མེད་དང་རེ་ཞུ་ཇི་ལྟར་བྱ་དགོས་མིན་ལ་བལྟ་ཆོག།
༧. ཆེད་གཏོགས་བུ་བཙའི་བྱ་དགའ།
གཞན་ཡང་ས་གནས་མང་པོ་ཞིག་གིས་ད་དུང་ཆེད་གཏོགས་བུ་བཙའ་བྱ་དགའི་སྲིད་ཇུས་བཏོན་ཡོད། ས་ཁུལ་མང་ཆེ་བས་ཕྲུ་གུ་གཉིས་པ་དང་ཕྲུ་གུ་གསུམ་ཡོད་པའི་ཁྱིམ་ཚང་ངམ་ཡང་ན་ས་གནས་དེ་གའི་ཐེམ་ཐོ་ཡོད་པའི་ཁྱིམ་ཚང་ལ་གཙོ་གནད་ཐོག་ལྟ་རྟོག་བྱེད་ཀྱི་ཡོད་པས་ཁ་གསབ་བྱེད་སྟངས་ཀྱང་ཧ་ཅང་སྟབས་བསྟུན་ཡིན། ལ་ལར་ཐེངས་གཅིག་རང་བཞིན་གྱི་དངུལ་སྨར་བྱ་དགའ་སྤྲོད་པ་དང་། ལ་ལར་ཟླ་རེ་བཞིན་དང་ལོ་རེ་བཞིན་ཁ་གསབ་སྤྲོད་ཀྱི་ཡོད་པས་ཚང་མས་རང་ཉིད་ཀྱི་ས་གནས་དེ་གའི་གཞུང་ཕྱོགས་ཀྱི་སྲིད་ཇུས་ལ་དོ་སྣང་མང་ཙམ་བྱ་དགོས་སོ།།
ལོ་ཙཱ། རྟ་མགྲིན་རྡོ་རྗེ།
རྩོམ་སྒྲིག་པ། རྟ་མེ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10