རང་ཁུལ་གྱི་དུས་ཆེན་འདི་རྟའུ་རྫོང་དུ་འཚོག་རྒྱུ་རེད།

        2026-07-20

ཉེ་ཆར། གསར་འགོད་པས་རྟའུ་རྫོང་གི་དྲིལ་སྒྲོག་པུའུ་ནས་ཤེས་རྟོགས་བྱུང་དོན། སྤྱི་ཟླ7པའི་ཚེས23ནས26བར་དུ། 2026ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་རྟའུ་རྫོང་དུ་འཚོག་རྒྱུ་ཡིན་པ་རེད། དུས་ཆེན་འདི་ནི་གནའ་དེང་ཟུང་འབྲེལ་གྱི་ཐབས་ལམ་རྒྱུན་འཁྱོངས་ནས། ཚོགས་ར་གཙོ་བོ་གཡུ་ཁོག་རྩྭ་ཐང་དུ་བཀོད་སྒྲིག་བྱས་པ་དང་། ལུང་བསྟན་འབྲོག་ར་དང་གསེག་རི་གླིང་ག་སོགས་སུ་མཚོན་བྱེད་རང་བཞིན་ལྡན་པའི་ཁྱིམ་ཕྱི་གནས་སོ་བཙུགས་ནས་ལུས་རྩལ་བྱེད་སྒོ་དང་རང་བྱུང་མཛེས་ལྗོངས་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།

   དཀར་མཛེས་ཁུལ་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ནི2016ལོར་དུང་དཀར་ལུང་པར་ཐོག་དང་པོ་འཚོགས་པ་ནས་བཟུང་། རིམ་བཞིན་འདབ་པ་དང་། དར་མདོ། ལི་ཐང་། སྡེ་དགེ། ཕྱག་ཕྲེང་སོགས་སུ་རེས་མོས་ཀྱིས་འཚོགས་ཤིང་།"གནས་མཆོག་དཀར་མཛེས"ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་སྟོན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད། སྤྱི་ལོ2026ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དེ་རྟའུ་རྫོང་དུ་འཚོག་རྒྱུ་ཡིན་པ་དང་། འདི་ནི་རྒྱུན་མཐུད་ཙམ་མ་ཡིན་པར་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ། དུས་ཆེན་འདིའི་རིང་ལ་རྟའུ་རྫོང་གིས་ལྔ་པའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་གཅིག་པ་ཡང་མཉམ་དུ་འཚོག་རྒྱུ་ཡིན་པས། ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་དུས་ཆེན་གྱི་ཕྱོགས་བསྡུས་སྐུལ་ཁྲིད་ནུས་པ་ཆེ་རུ་གཏང་ཐུབ་ངེས་རེད།

རང་ཁུལ་གྱི་དུས་ཆེན་འདི་རྟའུ་རྫོང་དུ་འཚོག་རྒྱུ་རེད།

   ཐེངས་འདིའི་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྒྲིག་གཞི་གསལ་ཞིང་བཀོད་པ་ལེགས་ལ། རིག་གནས་དང་ཡུལ་སྐོར། ལུས་རྩལ། ཚོང་དོན་བཅས་གཅིག་ཏུ་འདུས་ཤིང་། སྤྱི་ཟླ7པའི་ཚེས23ཉིན་ནས་བཟུང་དུས་ཆེན་གྱི་བྱེད་སྒོ་རིམ་བཞིན་སྤེལ་འགོ་འཛུགས་རྒྱུ་ཡིན་ལ། གཡུ་ཁོག་གྲོང་རྡལ་དགའ་སྐྱིད་ཐང་དུ་མི་སྟོང་ལྷག་གི་ཁྱིམ་ཕྱིའི་གཟུགས་མེད་རིག་གནས་ཤུལ་བཞག་ཐད་གཏོང་འཁྲབ་སྟོན་བྱ་རྒྱུ་དང་། དགོང་མོར་ནས་དེའུ་སྐྱིད་གླུ་ཞེས་པའི་དེང་རབས་སྐོར་བྲོ་དགོང་ཚོགས་འཚོག་རྒྱུ་ཡིན་པ་རེད། སྤྱི་ཟླ7པའི་ཚེས24ཉིན། རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དེ་གཡུ་ཁོག་རྩྭ་ཐང་ཐོག་འགོ་འཛུགས་མཛད་སྒོ་སྤེལ་རྒྱུ་དང་། དུས་མཚུངས་སུ་གཡུ་ཁོག་རྩྭ་ཐང་རྟ་རྒྱུག་འགྲན་ཚོགས་ཚེས26བར་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་པ་རེད། དགོང་མོར་ལུང་བསྟན་འབྲོག་རའི་སྐར་ཚོགས་རོལ་དབྱངས་འདུ་འཛོམས་འཚོག་རྒྱུ་སོགས་ཀྱི་བྱེད་སྒོ་རྣམ་གྲངས་ཁག་རིམ་པ་བཞིན་དུ་སྤེལ་རྒྱུ་ཡིན་པ་རེད།

རང་ཁུལ་གྱི་དུས་ཆེན་འདི་རྟའུ་རྫོང་དུ་འཚོག་རྒྱུ་རེད།

   རྟའུ་རྫོང་གིས་ད་ལྟའི་བར་དུ་གྲ་སྒྲིག་ལས་དོན་ཁག་བརྟན་པོར་སྤེལ་ཞིང་། གྲོན་ཆུང་དང་དོན་གཉེར། དམངས་ཕན་བཅས་ཀྱི་དུས་ཆེན་གཉེར་བའི་ཁ་ཕྱོགས་ལ་དམིགས་ནས། འཚུབ་བསྟུན་འཆར་གཞི་སྣ་ཚོགས་ཞིབ་ཕྲ་དང་ལེགས་བཅོས་བྱས་ནས་དུས་ཆེན་བདེ་བླག་ངང་འཚོག་ཐུབ་པར་འགན་ལེན་བྱེད་བཞིན་ཡོད་ལ། གཞན་ཡང་ཁམས་པའི་འཕྲིན་སྦྱོར་དང་དཀར་མཛེས་འཕྲིན་སྟེགས། རྟའུ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས། རྟའུ་ཡུལ་སྐོར་སོགས་ཀྱི་འཕྲིན་སྟེགས་སུ་གོ་རིམ་གྱི་ལམ་སྟོན་དང་། ལྗོངས་གནས་ཕྱོགས་སྟོན། མིང་ཐོ་འགོད་ཐབས་སོགས་མང་ཚོགས་ལ་སྟབས་བདེ་བསྐྲུན་པའི་གནས་ཚུལ་རྣམས་རིམ་བཞིན་བསྒྲག་རྒྱུ་ཡིན་པ་རེད།།



གསར་འགོད་པ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྩོམ་སྒྲིག་འགན་འཁུར་བ། ནོར་བུ།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:སི་བོད་སློབ་གྲྭའི་ལོ་ལྔའི་ལམ་ལུགས་ཀྱི་སློབ་བསྡུ་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།